དེང་རབས་ཤེས་ཡོན་ལམ་ལུགས་ནང་མི་ཚང་མ་མཉམ་དུ་འཚོ་དགོས་པའི་འདུ་ཤེས་སྐྲུན་ཐུབ་དགོས་ཀྱི་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཟླ་འགའི་རྗེས་ནད་ཡམས་ཀྱི་གནས་སྟངས་རྒྱུན་ལྡན་དུ་གྱུར་བའི་རྗེས་རྒྱ་གར་མཐོ་སློབ་ཁག་གི་ཉེ་བའི་རིགས་བདག་དང་དགེ་རྒན་ཚོ་མཉམ་དུ་དམིགས་བསལ་གྱི་བཀའ་བསྡུར་གནང་རྒྱུར་ཐུགས་འདུན་ཆེན་པོ་ཡོད་སྐོར་གསུངས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩ ཙམ་སྟེང་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། སེམས་བསྲེ་བ་(Mind Mingle)ཞེས་པའི་ལས་འཆར་ཚོགས་པས་གོ་སྒྲིག་ཞུས་པ་བཞིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཨ་རི་དང་ཝེ་ཐི་ནམ། སིང་གྷ་ལ་སོགས་ནས་ཡིན་པའི་སློབ་གསོ་སྤྲོད་མཁན་ཁག་ཅིག་ལ། དེང་རབས་ཀྱི་ཤེས་ཡོན་ལམ་ལུགས་ནང་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་མཁོ་ཚུལ་(The Need for Secular Ethics in the Modern Education System)ཞེས་པའི་བརྗོད་གཞིའི་སྟེང་། བཀའ་སློབ་དང་དེ་འབྲེལ་གྱི་དྲི་བར་བཀའ་ལན་བསྩལ་ཡོད་པ་དང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དེང་རབས་ཤེས་ཡོན་ལམ་ལུགས་ནང་ངེས་པར་དུ་ང་ཚོ་མི་གྲངས་དུང་ཕྱུར་བདུན་ཅུ་ཚང་མ་གཅིག་གྱུར་ཡིན་པ་དང་། ཚང་མ་མཉམ་དུ་འཚོ་དགོས་པའི་འདུ་ཤེས་སྐྲུན་ཐུབ་དགོས་སྐོར་གསུངས་སོང་།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ངོས་ཀྱི་དམིགས་ཡུལ་གཙོ་བོ་དེ་བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་ཡོང་བ་དང་། མི་སྒེར་རེ་རེ་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་ཤེས་བྱ་ཁོ་ནས་བདེ་སྐྱིད་བསྐྲུན་ཐུབ་པའི་ཁེག་ཐག་བྱེད་ཐུབ་ཀྱི་མེད་པ་རེད། ང་ཚོས་མི་རིག་པ་ཅན་དང་ཤེས་ཡོན་ཚད་མཐོན་པོ་ཡོད་ནའང་། ཁོང་ཚོར་བདེ་སྐྱིད་མེད་པའི་མི་དེ་འདྲ་མཐོང་གི་ཡོད་པ་རེད། དེ་བས་ངོས་ཀྱི་རྟག་ཏུ་དེང་རབས་ཀྱི་ཤེས་ཡོན་ནི་ཕྱི་དངོས་པོར་གཙོ་འཛིན་བྱེད་པའི་ཕྱོགས་སུ་ལྷུང་ཡོད་པ་དང་། མི་ལ་བདེ་སྐྱིད་བསྐྲུན་ཐབས་སུ་ལོ་ངོ་སྟོང་ཕྲག་འགོར་བའི་རྒྱ་གར་གྱི་གནའ་བོའི་བྱམས་སྙིང་རྗེ་དང་འཚེ་བ་མེད་པ་གཉིས་མཁོ་ཡི་ཡོད་པ་བཤད་ཀྱི་ཡོད། བྱམས་སྙིང་རྗེ་ཡིས་ནང་སེམས་ལ་ཞི་བདེ་དང་སྙིང་སྟོབས་སྦྱིན་གྱི་ཡོད་པ་དང་། དེའི་འབྲས་བུར་སེམས་ཁྲལ་དང་ཞེད་སྣང་ཉུང་བ་ཡོད་སྐོར་གསུངས་སོང་།

ཡང་ཁོང་ཉིད་ཀྱིས་མུ་མཐུད། འཚེ་བ་མེད་པ་ཡིས་རྟག་ཏུ་ལུས་ངག་གཉིས་ཀྱི་ཐོག་ནས་གཞན་ལ་འཚེ་བ་བྱས་ཏེ་མི་སྐྱིད་པ་བཟོ་པ་དེ་འགོག་གི་ཡོད་པ་རེད། འཚེ་བ་མེད་པ་ཡང་དག་ཞིག་ཡོང་ཐབས་ཀྱི་རྩ་བ་ནི་བྱམས་སྙིང་རྗེ་ཆགས་ཡོད་པ་རེད། རྒྱ་གར་ནང་ལོ་ངོ་སྟོང་ཕྲག་འགའི་རིང་ནས་ནང་སེམས་ལ་སྦྱོང་བརྡར་ཇི་ལྟར་སྤྲོད་ཐབས་ཀྱི་བསམ་བློ་དེ་ཡོད་པ་རེད། དུས་རབས་ཉེར་གཅིག་འདིའི་ནང་གནའ་བོའི་རིག་གཞུང་བྱམས་སྙིང་དང་འཚེ་བ་མེད་པ། དེང་རབས་ཀྱི་ཤེས་ཡོན་བཅས་སྦྲེལ་ཐུབ་མཁན་ནི་རྒྱ་གར་ཁོ་ན་ཡིན་པ་དང་། འཛམ་གླིང་འདི་བདེ་སྐྱིད་དང་ལྡན་པ་ཞིག་བསྐྲུན་ཐབས་སུ་རྒྱ་གར་གྱིས་འགན་འཁུར་ཆེ་ཤོས་ལེན་དགོས་སྐོར་གསུངས་སོང་།

དེང་རབས་ཤེས་ཡོན་སློབ་གསོའི་ཁྲོད་བྱིས་པའི་ཤེས་ཡོན་གྱི་སྐོར་ལ་ཁོང་ཉིད་ཀྱིས། བྱིས་པ་ཚོ་ཤེས་ཡོན་གྱི་སྡེ་ལ་མ་ཞུགས་གོང་དུ་ཁོང་ཚོ་མཉམ་དུ་རྩེད་མོ་རྩེད་པ་ལས་གཞན། ཕན་ཚུན་གྱི་མི་འདྲ་བའི་ཕྱོགས་ལ་བསམ་བློ་གཏོང་གི་མེད་པ་རེད། ཤེས་ཡོན་གྱི་སྡེའི་ནང་ཞུགས་རྗེས་ཕན་ཚུན་ལ་དབྱེ་བ་བགར་ཏེ་ང་ཚོ་དང་ཁོང་ཚོ་ཟེར་བའི་དབྱེ་བ་ཤུགས་ཆེར་འབྱེད་ཀྱི་ཡོད་པ་རེད། དེ་བས་ཤེས་ཡོན་ལམ་ལུགས་ནང་ངེས་པར་དུ་ང་ཚོ་མི་གྲངས་དུང་ཕྱུར་བདུན་ཅུ་ཚང་མ་གཅིག་གྱུར་ཡིན་པ་དང་། མི་ཚང་མ་མཉམ་དུ་འཚོ་དགོས་པའི་འདུ་ཤེས་སྐྲུན་ཐུབ་པ་དགོས་ཀྱི་འདུག སྤྱི་ཡོངས་ཀྱི་ཆ་ནས་ང་ཚོ་འགྲོ་བ་མི་གཅིག་མཚུངས་ཡིན་པ་དང་གོ་ལ་འདིའི་ཐོག་མཉམ་དུ་སྡོད་མཁན་ཡིན་པ་ལས། ཤར་ལྷོ་ནུབ་བྱང་དང་ཤ་མདོག་མི་འདྲ་བ། དེ་བཞིན་ཆོས་ལུགས་མི་འདྲ་སོགས་ནི་དེ་ཙམ་གལ་ཆེན་མིན་སྐོར་གསུངས་སོང་།

གཞན་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་མི་ཚང་མས་མཉམ་རུབ་ཀྱི་ཐོག་ནས་གོ་ལའི་གནམ་གཤིས་ཚ་དྲོད་འཕེལ་བཞིན་པར་གདོང་ལེན་དགོས་པའི་སྐོར་ལ་ཁོང་ཉིད་ཀྱིས། དེང་སྐབས་གོ་ལ་ཚ་འགྱུར་ནི་ང་ཚོའི་གདོང་ལེན་ཆེ་ཤོས་ཤིག་ཏུ་གྱུར་ཡོད་པ་དང་། དེ་ཡིས་འཛམ་གླིང་ཤར་ནུབ་དང་མི་རིགས་དཀར་ནག རྒྱལ་ཁབ་འདི་དང་དེ་ཞེས་དབྱེ་བ་མེད་པར་གོ་ལ་ཧྲིལ་བོའི་ཚ་དྲོད་ཡར་ནས་ཡར་འཕར་ཏེ་དཀའ་ངལ་གསར་པ་ཞིག་ལ་འཕྲད་ཀྱི་ཡོད་པ་རེད། ཚན་རིག་པ་རེ་འགའ་ལྟར་ན་ལོ་ངོ་བཅུ་ཕྲག་འགའི་ནང་གཙང་བོ་མང་པོ་ཞིག་སྐམ་འགྲོ་བའི་ཚོད་རྩིད་བྱེད་ཀྱི་ཡོད་པ་རེད། དངོས་ཡོད་ཀྱི་གནས་སྟངས་དེ་ལ་གཞི་བཞག་ནས་ང་ཚོའི་གླིང་ཕྲན་དང་ཁོང་ཚོའི་རྒྱལ་ཁབ་ཅེས་རྩོད་པ་ནི་དོན་སྙིང་མེད་པ་ཞིག་ཡིན་པས། ད་ནི་ང་ཚོས་འགྲོ་བ་མི་སྤྱི་ཡོངས་ལ་བསམ་བློ་གཏོང་བའི་དུས་ལ་སླེབས་ཡོད་སྐོར་གསུངས་སོང་།

མཇུག་ཏུ་༧གོང་ས་མཆོག་ནས། རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་ཡོང་ཐབས་སུ་སྨོན་ལམ་འདོན་པ་དང་ཆོས་ལུགས་ཀྱི་ཆོ་ག་ལག་ལེན་བྱས་པ་བརྒྱུད་ནས་མ་ཡིན་པར་ཤེས་ཡོན་བརྒྱུད་བྱེད་དགོས་པ་ཞིག་ཡིན་སྐོར་དང་། དེང་སྐབས་ཀྱི་ནད་ཡམས་དེ་ལ་བརྟེན་ནས་ས་གནས་གཞན་ལ་ཕེབས་ཐུབ་ཀྱི་མེད་པ་དང་། ཟླ་འགའི་རྗེས་ནད་ཡམས་ཀྱི་གནས་སྟངས་རྒྱུན་ལྡན་དུ་གྱུར་རྗེས། ལྡི་ལི་དང་ཅན་དྷི་གྷར་སོགས་གྲོང་ཁྱེར་ཆེ་ཁག་གི་ནང་ཉིན་གྲངས་འགའི་རིང་མཐོ་སློབ་གྱི་ཉེ་བའི་རིགས་བདག་དང་དགེ་རྒན་ཚོ་དང་མཉམ་དུ་དམིགས་བསལ་གྱི་བཀའ་བསྡུར་གནང་བར་ཐུགས་འདུན་ཆེན་པོ་ཡོད་སྐོར་གསུངས་སོང་།

གསར་འགོད་པ།་ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༨/༢༥

Leave a Reply