རྒྱ་མི་ཞིག་རྒྱལ་སྤྱིའི་ཁྲིམས་ཁང་གི་ཁྲིམས་ཞིབ་པར་བསྐོས།

རྒྱ་ནག་གཞུང་ཚབ་པ་ཞིག་རྒྱལ་སྤྱིའི་ཁྲིམས་ཁང་གི་ཁྲིམས་ཞིབ་པར་བསྐོས་པར་ཨ་རིས་མེར་སྲེག་ཉེས་ཅན་པ་ཞིག་མེ་གསོད་རུ་ཁག་གི་མགོ་འཁྲིད་དུ་བསྐོས་པ་ཡིན་པའི་སྐྱོན་བརྗོད་བྱས་འདུག

དེ་རིང་རྒྱ་ནག་ལྷོ་བརྒྱུད་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་ཞིག་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་ཁྲིམས་འགལ་ཐོག་ལྷོ་བརྒྱུད་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་བདག་བཟུང་རྒྱ་བསྐྱེད་བྱེད་བཞིན་པའི་གནས་སྟངས་ལ་མ་ལྟོས་པར། རྒྱ་ནག་གི་གཞུང་ཚབ་པ་ཞིག་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རང་དབང་ལྡན་པའི་རྒྱ་མཚོའི་རྩོད་རྙོག་འདུམ་འགྲིག་ཁྲིམས་ཁང་ (International Tribunal for the Law of the Sea) གི་ཁྲིམས་ཞིབ་པའི་གྲས་སུ་འདེམས་བསྐོ་བྱུང་ཡོད་པ་དང་། གནད་དོན་དེའི་ཐད་ཨ་རིས་རྒྱ་ནག་གིས་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་བརྩི་སྲུང་བྱས་མེད་སྐོར་གྱི་སྐྱོན་བརྗོད་བྱེད་བཞིན་ཡོད་འདུག

གནད་དོན་དེའི་ཐད་རྒྱ་ནག་གི་ཕྱི་སྲིད་མགྲིན་ཚབ་པ་ཀྲའོ་ལི་ཅན་ཟེར་བ་དེས། རྒྱ་ནག་ངོས་ནས་རྒྱལ་ཚོགས་ཀྱི་རྒྱ་མཚོའི་རྩོད་རྙོག་འདུམ་འགྲིག་ཁྲིམས་ཁང་ལ་རྒྱབ་སྐྱོར་ཞུས་ཡོད་པ་ལྟར། ད་ཐེངས་ཏུན་ཅེ་ལོང་(Duan Jielong) ཁྲིམས་ཞིབ་པར་བདམས་ཐོན་བྱུང་བ་དེས། རྒྱ་ནག་གིས་རྒྱབ་སྐྱོར་བྱས་པ་དེར་ངོས་འཛིན་བྱས་པ་མཚོན་གྱི་ཡོད་སྐོར་བརྗོད་ཡོད་ཀྱང་། ཨ་རིའི་རྒྱལ་སྲིད་དྲུང་ལས་ཌེ་ཝིཌ་སི་ཊིལ་ཝེལ་ (David Stilwell) གྱིས། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་འབྲེལ་མི་སྣ་ཞིག་རྒྱ་མཚོའི་རྩོད་རྙོག་འདུམ་འགྲིག་ཁྲིམས་ཁང་གི་ཁྲིམས་ཞིབ་པར་བདམས་པ་དེ་ནི། མེར་སྲེག་ཉེས་ཅན་པ་ཞིག་མེ་གསོད་རུ་ཁག་གི་མགོ་འཁྲིད་དུ་བསྐོས་པ་ལྟ་བུ་ཡིན་སྐོར་བརྗོད་ནས་སྐྱོན་བརྗོད་བྱས་ཡོད་འདུག

སྤྱིར་ཨ་རི་རྒྱལ་ཚོགས་ཀྱི་རྒྱ་མཚོའི་ཁྲིམས་སྒྲིག་ལྷན་ཚོགས་ཀྱི་ཁོངས་སུ་མེད་ནའང་། ཁྲིམས་ཁང་དེའི་འོས་མིའི་ཁོངས་སུ་རྒྱ་ནག་གི་གཞུང་ཚབ་པ་ཞིག་སླེབས་པར་དགག་པ་ཆེན་པོ་བརྒྱབ་ཡོད་པ་མ་ཟད། རྒྱ་ནག་གིས་ལྷོ་བརྒྱུད་རྒྱ་མཚོའི་ཁུལ་དུ་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་རྡོག་རོལ་བཏང་ཡོད་པའི་སྐྱོན་བརྗོད་དང་།  ཟླ་སྔོན་མར་ཨ་རིའི་རྒྱལ་སྲིད་དྲུང་ཆེ་མེག་པོམ་པེ་ཡིས་ཐེངས་དང་པོར། རྒྱ་ནག་གིས་ལྷོ་བརྒྱུད་རྒྱ་ནག་རྒྱ་མཚོ་བདག་བཟུང་བྱེད་བཞིན་པ་ནི་ཁྲིམས་འགལ་ཞིག་ཡིན་སྐོར་སོགས་བསྒྲགས་ཡོད་པ་དང་། རྒྱ་ནག་མགྲིན་ཚབ་པས་རྒྱལ་སྤྱིའི་རྒྱལ་ཁབ་སྐོར་ཞིག་གིས་རྒྱ་ནག་གི་འོས་མིར་གནོན་ཤུགས་སྤྲད་པ་དེ་དོན་འབྲས་མེད་པ་ཞིག་ཡིན་པ་ར་སྤྲོད་བྱས་ཡོད་པ་དང་། ཁྲིམས་ཞིབ་པར་བདམས་བྱུང་བ་རྣམས་ཀྱིས་དྲང་བདེན་གྱི་ཐོག་ནས་ཕྱག་ལས་གནང་སྟེ། རྒྱ་མཚོ་དང་འབྲེལ་བའི་རྩོད་རྙོག་རྣམས་ཞི་བའི་ངང་འགྲིག་མཐུན་ཡོང་རྒྱུར་ཡིད་ཆེས་བྱེད་ཀྱི་ཡོད། ཅེས་བརྗོད་ཡོད་འདུག

འཇར་མ་ནིར་རྟེན་གཞི་བྱས་པའི་ཁྲིམས་ཁང་དེ་ནི་རྒྱལ་ཚོགས་ཀྱི་རྒྱ་མཚོའི་ཁྲིམས་སྒྲིག་ལྷན་ཚོགས་ (UN Convention of Law of Sea) ཀྱིས་རྒྱལ་སྤྱིའི་རྒྱ་མཚོ་དང་འབྲེལ་བའི་རྩོད་རྙོག་ཁག་འདུམ་འགྲིག་ཡོང་རྒྱུར་དམིགས་པའི་རང་དབང་ཅན་གྱི་ཁྲིམས་ཁང་ཞིག་ཡིན་ཞིང་། ཁྲིམས་ཁང་དེར་སྤྱིར་ཁྲིམས་ཞིབ་པ་ ༢༡ ཡོད་པའི་ཁྲོད་ནས། ཁ་སང་ལྷན་ཚོགས་ཀྱི་ཚོགས་ཆེན་སྐབས་ ༣༠ པའི་ཐོག་ཁྲིམས་ཞིབ་པ་ ༧ འཕོ་འགྱུར་བཏང་སྟེ། ཁོ་ཚོའི་ཚབ་ཏུ་ཁྲིམས་ཞིབ་པ་གསར་པ་ ༦ བདམས་ཐོན་བྱུང་ཡོད་པ་དང་། བདམས་ཐོན་བྱུང་བའི་ཁྲིམས་ཞིབ་པ་གསར་བ་རྣམས་ནི། མཱལ་ཊ་ (Malta)དང་། ཨི་ཊ་ལི་(Italy)། ཅི་ལི་(Chile)། ཀེ་མེ་རུན་(Cameroon)། ཡུ་ཁེ་རེན་(Ukraine) བཅས་ནས་ཡིན་འདུག ཁྲིམས་ཞིབ་པ་ལྷག་འཕྲོ་གཅིག་དེ་ཇེ་མེ་ཁ་དང་བྷ་ར་ཛིལ་གཉིས་གང་རུང་ནས་བདམས་ཐོན་བྱ་རྒྱུ་ཡིན་ཞིང་། ཁྲིམས་ཞིབ་པའི་ལས་ཡུན་དེ་ལོ་ ༩ ཡིན་འདུག

ད་ལན་བདམས་ཐོན་བྱུང་བའི་ཏུན་ཅེ་ལོང་གིས་དེ་སྔ་སིང་གྷ་པུར་གྱི་རྒྱ་ནག་གཞུང་ཚབ་པ་བྱས་མྱོང་བ་དང་། ཕྱི་ལོ་ ༢༠༠༠ ལོའི་ནང་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་ཆིངས་ཡིག་དང་ཁྲིམས་སྒྲིག་ཚན་པའི་ནང་ལས་ཀ་བྱས་ཏེ། ད་ལྟ་ཡུ་རོབ་རྒྱལ་ཁབ་ཧན་གྷེ་རི་ (Hungary) ཡི་རྒྱ་ནག་གཞུང་ཚབ་པ་ཡིན་འདུག ཐེངས་འདིར་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཞིག་རྒྱལ་ཚོགས་ཀྱི་ཁྲིམས་ཁང་དེའི་ཁྲིམས་ཞིབ་པར་བདམས་ཐོན་བྱུང་བ་དང་པོ་མིན་པར། ཕྱི་ལོ་ ༡༩༩༦ ལོར་ཁྲིམས་ཁང་དེ་དབུ་བརྙེས་པ་ནས་བཟུང་ད་བར་ཁྲིམས་ཞིབ་པའི་ཁོངས་སུ་རྒྱ་ནག་གི་གཞུང་འབྲེལ་མི་སྣ་མ་བསྐོས་པའི་སྐབས་ཤིག་བྱུང་མེད་པ་དང་། དེ་ཡང་ཕྱི་ལོ་ ༡༩༩༦ ནས་ ༢༠༠༠ བར་ཀྲའོ་ལི་ཧའེ་ (Zhao Lihai) ཟེར་བ་དང་། ཕྱི་ལོ་ ༢༠༠༡ ནས་ ༢༠༠༧ བར་ཧྲུ་ཀོང་ཅན་ (Xu Guangjian) ཟེར་བ་དང་། གཞན་ཡང་ཕྱི་ལོ་ ༢༠༠༨ ནས་ ༢༠༢༠ བར་ཀའོ་ཁྲི་ཀུའོ་ (Gao Zhigua) བཅས་ཀྱིས་ཁྲིམས་ཞིབ་པ་བྱས་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༨/༢༦

Leave a Reply

One thought on “རྒྱ་མི་ཞིག་རྒྱལ་སྤྱིའི་ཁྲིམས་ཁང་གི་ཁྲིམས་ཞིབ་པར་བསྐོས།