ལ་དྭགས་ཀྱི་བོད་མི་རྒན་འཁོགས་ ༣༠ ལ་ཏོག་དབྱིབས་ནད་རྟགས་ཐོན་འདུག

ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ཀྱི་བོད་ཁྱིམ་རྒན་གསོ་ཁང་དུ་ཏོག་དབྱིབས་ནད་རྟགས་ཅན་རྒན་འཁོགས་སུམ་བཅུ་ཐོན་འདུག

རྒྱ་གར་བྱང་ཕྱོགས་ལ་དྭགས་ལྕོག་ལམ་གསར་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ནང་རྟེན་གཞི་བྱས་པའི་བོད་ཁྱིམ་རྒན་གསོ་ཁང་དུ། ཏོག་དབྱིབས་གཉན་རིམས་ནད་རྟགས་ཐོན་པའི་རྒན་འཁོགས་ ༣༠ བྱུང་ཡོད་པ་དང་། ད་ལྟའི་ཆར་ཏོག་ནད་ཅན་ཚོ་ཟུར་བཀག་འོག་བཞག་ཡོད་ཀྱང་། རྒན་འཁོགས་ཁ་ཤས་ཀྱི་གནས་སྟངས་ཛ་དྲག་ཆགས་ཡོད་འདུག

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ལ་དྭགས་ས་གནས་གཞིས་མགོ་ཚེ་བརྟན་དབང་ཕྱུག་ལགས་སུ་ལ་དྭགས་ཀྱི་རྒན་གསོ་ཁང་ཞིག་ཏུ་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་བྱུང་ཡོད་པའི་གནས་ཚུལ་དེ་བདེན་པ་ཡིན་མིན་དྲིས་པར་ཁོང་གིས། གནས་ཚུལ་དེ་བདེན་པ་རེད། རྒན་གསོ་ཁང་དེ་ལ་དྭགས་བོད་ཁྱིམ་གྱི་རྒན་གསོ་ཁང་རེད། སྟབས་མ་ལེགས་པ་དང་ཡིད་སྐྱོ་དགོས་པ་ཞིག་ལ་རྒན་འཁོགས་ ༣༠ ལ་ཏོག་དབྱིབས་གཉན་རིམས་ནད་འགོས་ཡོད་པ་དང་། ད་ལྟའི་ཆར་རྒན་འཁོགས་ཁ་ཤས་ཀྱི་གནས་སྟངས་ཛ་དྲག་ཡིན་པ་དང་། ཛ་དྲག་ཡིན་པའི་རྒན་འཁོགས་གཅིག་སྨན་ཁང་དུ་བསྐྱལ་ཡོད་པ་དང་། དེ་མིན་གཞན་རྣམས་ཟུར་བཀག་འོག་བཞག་ཡོད་པ་རེད། ཅེས་བརྗོད་བྱུང་།

ཡང་ནད་ཡམས་ཇི་ལྟར་འགོས་མིན་དྲིས་པར་ཁོང་གིས། སྤྱིར་བཏང་རྒན་གསོ་ཁང་དུ་ལས་བྱེད་དང་སྨན་ཞབས། མ་བྱན་སོགས་ཡོད་པ་དང་། ལས་བྱེད་ཚང་མ་དུས་ཚོད་རེས་མོས་ཀྱིས་ལས་བགོས་བྱས་ཡོད་སྟབས། ཨ་མ་ལགས་ཤིག་ལ་དྭགས་སླེ་རུ་རྒན་འཁོགས་ཅིག་གི་ནད་གཡོག་ཏུ་ཕྱིན་ཡོད་པ་དང་། ཨ་མ་དེར་ཉིན་གྲངས་གང་འཚམ་ཞིག་གི་རིང་ནད་རྟགས་ཐོན་མེད་ནའང་། ཉིན་གྲངས་ ༡༤  ཡས་མས་ཤིག་གི་མཚམས་ནས་མིད་པ་ན་བ་དང་ཚ་བ་རྒྱས་པའི་ནད་རྟགས་ཐོན་ཡོད་འདུག དེར་བརྟེན། འབྲེལ་ཡོད་བོད་ཁྱིམ་དབུ་འཛིན་ཚོས་ཨ་མ་དེ་ཟུར་བཀག་འོག་བཞག་སྟེ་བརྟག་དཔྱད་བྱེད་སྐབས། ཏོག་དབྱིབས་གཉན་རིམས་ནད་རྟགས་ཐོན་པ་རེད། ཉིན་གྲངས་ ༡༤ དེའི་རིང་ལ་ཨ་མ་ལགས་དེས་རྒན་འཁོགས་མང་པོར་གཡོག་རྒྱུག་གནང་ཡོད་སྟབས་རྒན་འཁོགས་མང་པོ་ཞིག་ལ་ན་ཚ་འགོས་པ་རེད། ཅེས་བརྗོད་བྱུང་།

དེ་མིན་ཁོང་ལ་ད་ལྟའི་ཆར་ལ་དྭགས་བོད་མིའི་གཞིས་ཆགས་ཁག་གི་ནང་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་ག་འདྲ་ཡིན་དྲིས་པར་ཁོང་གིས། དེ་སྔོན་ལ་དྭགས་བོད་མིའི་གཞིས་ཆགས་ཁག་ནང་བོད་མི་ཏོག་ནད་ཅན་གསུམ་ཙམ་ཡོད་པ་དང་། དེ་དག་རིམ་ཀྱིས་དྲག་སྐྱེད་བྱུང་གི་ཡོད་པ་དང་། སྤྱི་ཡོངས་ནས་ཏོག་ནད་ཁྱབ་ཚད་དམའ་བོ་ཡིན་ན་ཡང་། ཐེངས་འདིར་ཡིད་གཟབ་མ་བྱས་པས་རྒན་གསོ་ཁང་གི་རྒན་འཁོགས་མང་པོ་ཞིག་ལ་ཏོག་ནད་འགོས་ཁྱབ་ཕྱིན་པ་ཡིན་སྐོར་བརྗོད་བྱུང་།

གནས་ཚུལ་དེ་དང་འབྲེལ་དེ་རིང་སྔ་དྲོར་དྲ་ལམ་ཁག་ཏུ་བོད་མིའི་གཞིས་ཆགས་ཤིག་ནང་ཏོག་ནད་ཁྱབ་གདལ་ཕྱིན་སྐོར་གྱི་སྒྲ་སྒམ་ཞིག་ཁྱབ་བཞིན་པའི་ནང་། བོད་པའི་གཞིས་ཆགས་ཤིག་གི་རྒན་གསོ་ཁང་ནང་ཏོག་ནད་ཁྱབ་གདལ་ཕྱིན་ཡོད་སྟབས། ནམ་རྒྱུན་རྒན་གསོ་ཁང་དུ་ཞལ་ལག་དང་ཟས་རིགས་ཀྱི་སྦྱིན་བདག་བྱེད་མཁན་མང་པོ་ཡོང་གི་ཡོད་པས། ཟས་སྦྱིན་དང་དངུལ་དངོས་ཀྱི་སྦྱིན་བདག་བྱེད་མཁན་ཚོས་ཅ་དངོས་རིགས་རྒན་གསོ་ཁང་གི་གཉེར་བ་ལ་སྤྲོད་པ་ལས། རྒན་གསོ་ཁང་དུ་ཕྱི་མི་མི་ཡོང་བའི་འབོད་སྐུལ་སོགས་བྱེད་ཀྱི་འདུགདེ་རིང་གི་བོད་མིའི་སྒྲིག་འཛུགས་ཀྱི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ཛ་དྲག་ངལ་སེལ་ཚོགས་ཆུང་གི་གྲངས་ཐོ་ལྟར་ན། རྒྱ་བལ་འབྲུག་གསུམ་གྱི་བོད་མིའི་ནང་ཁྱོན་ཏོག་དབྱིབས་གཉན་རིམས་ནད་པ་ ༡༡༤ ཡི་ཁྲོད་ནས་དྲག་སྐྱེད་བྱུང་བ་ ༧༧ དང་། ན་བཞིན་པ་ ༣༤། འདས་གྲོངས་སུ་ཕྱིན་པ་ ༣ བྱུང་ཡོད་པ་དང་། དེ་མིན་གྱི་ཕྱི་རྒྱལ་ཁག་ནས་བོད་མི་ཁྱོན་ ༢༡༣ ལ་ནད་རྟགས་ཐོན་པའི་ཁྲོད་ནས་ ༡༦༥ དྲག་སྐྱེད་བྱུང་བ་དང་། མི་ ༣༩ ན་བཞིན་པ་དང་། མི་ ༩ འདས་གྲོངས་སུ་ཕྱིན་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༨/༢༦

Leave a Reply