བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་གསར་པ་བསྐོས།

བོད་མིའི་སྒྲིག་འཛུགས་ཀྱི་དྲིལ་བསྒྲགས་དྲུང་ཆེ་ཀརྨ་ཆོས་དབྱངས་ལགས་མགྲིན་ཚབ་པར་བསྐོ་བཞག་གནང་འདུགདེ་རིང་བོད་མིའི་སྒྲིག་འཛུགས་དབྱིན་ཡིག་དྲ་རྒྱར་བཀོད་པའི་གནས་ཚུལ་ལྟར་ན། བོད་མིའི་སྒྲིག་འཛུགས་ཀྱི་དྲིལ་བསྒྲགས་དྲུང་ཆེ་ཀརྨ་ཆོས་དབྱངས་ལགས། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པར་བསྐོ་བཞག་གནང་ཡོད་པ་དང་། ཀརྨ་ཆོས་དབྱངས་ལགས་ཀྱིས་འདི་གའི་གསར་འགོད་པར་མགྲིན་ཚབ་པས་ལས་འགན་གཙོ་བོ་གསར་ལམ་ཁག་ལ་བོད་ཀྱི་སྒྲིག་འཛུགས་དང་འབྲེལ་བའི་གནད་དོན་ཁག་ལ་ལན་འདེབས། བཀའ་ཤག་གིས་བཀོད་ཁྱབ་ག་རེ་གནང་བ་ཁག་ལ་འགན་འཁུར་རྒྱུ་ཡིན་སྐོར་གསུངས་སོང་།

འདི་གའི་གསར་འགོད་པས་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་སུ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པའི་ལས་དོན་གཙོ་ཆེ་ཤོས་ག་རེ་ཡིན་དྲིས་པར་ཁོང་གིས། མགྲིན་ཚབ་པས་ལས་དོན་གཙོ་བོ་གསར་འགྱུར་བརྒྱུད་ལམ་ཁག་གི་བཅར་འདྲི་དང་ལེན་དང་། བཀའ་ཤག་ནས་བཀོད་ཁྱབ་གནང་བ་ལྟར་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཁག་གི་ཐད་མགྲིན་ཚབ་པས་ལན་འདེབས་དགོས་པ་ཁག་ལ་འགན་ལེན་རྒྱུ་བཅས་ཡིན་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དེ་ཕྱི་དྲིལ་ལས་ཁུངས་ལ་དྲུང་ཆེ་གཉིས་ཡོད་པ་ལས་གཅིག་གིས་གནང་དགོས་པའི་ལམ་སྲོལ་ཡོད་སྟབས། བསྐོ་བཞག་གནང་བ་ཞིག་ཡིན་སྐོར་གསུངས་བྱུང་།

ཡང་མགྲིན་ཚབ་པའི་ལས་དོན་དེ་རྒྱལ་ཁབ་དང་ཚོགས་སྡེ་ག་འདྲ་ཞིག་ལ་མཚོན་ནའང་གལ་གནད་ཆེན་པོ་ཆགས་ཡོད་སྟབས། མ་འོངས་པར་ལས་དོན་བྱེད་ཕྱོགས་ཐད་འཆར་གཞི་སོགས་ག་འདྲ་ཡོད་སྐོར་དྲིས་པར་ཁོང་གིས། ང་རང་ལ་མཚོན་ན་ཕྱི་ལོ་ ༡༩༩༦ ལོ་ནས་བོད་མིའི་སྒྲིག་འཛུགས་ནང་ཞབས་ཕྱི་ཞུས་ཏེ་ཡོང་བ་དང་། ད་ལྟའི་ཆར་མགྲིན་ཚབ་པ་གཅིག་པུའི་ལས་ཀ་མིན་པར་ཕྱི་དྲིལ་དྲུང་ཆེའི་འགན་འཁུར་ཡོད་པས། མ་འོངས་པར་བཀའ་ཤག་གིས་ལས་དོན་ག་རེ་བསྐུལ་བ་ཡིན་ན་ལས་རྒྱུ་ལས། གཞན་ཟུར་དུ་ལས་དོན་དང་འཆར་གཞི་དམིགས་བསལ་བ་གང་ཡང་མེད་སྐོར་གསུངས་བྱུང་།

ཀརྨ་ཆོས་དབྱངས་ལགས་ནི་ལ་དྭགས་བོད་མིའི་གཞིས་ཆགས་ནང་སྐྱེས་ཤིང་། ལ་དྭགས་བོད་ཁྱིམ་དང་དྷ་སྟེང་བོད་ཁྱིམ་ནས་འཛིན་གྲྭ་བཅུ་གཉིས་སློབ་མཐར་ཕྱིན་རྗེས། ཕྱི་ལོ་ ༡༩༩༦ ལོར་རྒྱ་གར་རྒྱལ་ས་ལྡི་ལི་གཙུག་ལག་སློབ་གཉེར་ཁང་དུ་ཚོང་ལས་ཐོག་སློབ་མཐར་སོན་ཡོད་པ་དང་། ཕྱི་ལོ་ ༡༩༩༦ ལོ་ནས་བོད་མིའི་སྒྲིག་འཛུགས་ནང་ཕྱག་ལས་གནང་མགོ་ཚུགས་ཏེ། ནང་སྲིད་ཁྱབ་ཁོངས་དྷེ་ར་ལྡུན་བདེ་སྐྱིད་གླིང་དང་ཧུན་སོར་རབ་རྒྱས་གླིང་གཞིས་ཆགས་ཀྱི་ལས་དྲུང་དང་། དེའི་རྗེས་ཀ་ལོན་པོང་དང་དར་རྒྱས་གླིང་གཞིས་ཆགས་ཀྱི་ས་གནས་མགོ་འཛིན་དང་། ལྡི་ལིའི་སྐུ་ཚབ་དོན་གཅོད་དང་བྷེལ་རྗམ་རྒྱལ་ས་སྤིར་ཛིལ་དོན་གཅོད་ཀྱི་དྲུང་ཆེའི་ལས་འགན་འཁུར་ཡོད་པ་དང་། ཕྱི་ལོ་ ༢༠༠༧ ལོར་ཨ་རིའི་སན་ཧྥི་རན་སི་ཁོ་གཙུག་ལག་སློབ་གཉེར་ཁང་དུ་ལོ་གཅིག་རིང་སློབ་གཉེར་བྱས་རྗེས། མུ་མཐུད་བོད་མིའི་སྒྲིག་འཛུགས་ནང་སྲིད་དྲུང་འཕར་དང་དྲིལ་བསྒྲགས་དྲུང་ཆེ་སོགས་འདས་པའི་ལོ་ངོ་ ༢༤ རིང་བོད་མིའི་སྒྲིག་འཛུགས་ནང་ཞབས་ཕྱི་ཞུས་ཡོད་འདུག

མཆན། པར་རིས་བོད་མིའི་སྒྲིག་འཛུགས་དྲ་རྒྱ་ནས་བླངས།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༨/༢༧

Leave a Reply