ཨ་རིས་རྒྱ་ནག་གི་བཟོ་གྲྭ་ ༢༤ ལ་ཉེས་ཆད་བཅད།

རྒྱ་ནག་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་བདག་བཟུང་བྱེད་ཀྱི་ཡོད་པར་བརྟེན་མཚོ་ཁུལ་འཛུགས་སྐྲུན་ལས་གཞིར་འབྲེལ་བ་ཡོད་པའི་རྒྱ་ནག་གི་བཟོ་གྲྭ་ཁག་དང་འབྲེལ་ཡོད་མི་སྒེར་བཅས་ལ་་ཨ་རིས་ཉེས་ཆད་གཅོད་རྒྱུ་ཡོངས་བསྒྲགས་བྱས་འདུག ནེའུ་ཡོག་དུས་བབ་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཕྱི་ཚེས་ ༢༦ ཉིན་ཨ་རིའི་གཞུང་གིས། རྩོད་གཞི་ཅན་གྱི་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་གྱི་རྒྱ་ནག་གི་དམག་དོན་འཛུགས་སྐྲུན་ལས་གཞིའི་ནང་ཆ་ཤས་ལེན་མཁན་གྱི་རྒྱའི་བཟོ་གྲྭ་ ༢༤ ངོས་འཛིན་གྱིས། བཟོ་གྲྭ་དེ་དག་ལ་དམིགས་བསལ་བཀའ་འཁྲོལ་མེད་པར་ཨ་རིའི་ཐོན་དངོས་ཉོ་སྒྲུབ་མི་ཆོག་པའི་དཔལ་འབྱོར་ཉེས་ཆད་བཅད་འདུག་ཅིང་། གནད་དོན་དེ་དང་འབྲེལ་བའི་རྒྱ་ནག་གི་མི་སྒེར་དང་ཁོ་ཚོའི་ནང་མི་སྤུན་མཆེད་རྣམས་ལའང་ཨ་རིར་བསྐྱོད་རྒྱུའི་ཐོངས་མཆན་སྤྲོད་མཚམས་འཇོག་རྒྱུ་ཡིན་འདུག

ཨ་རིའི་རྒྱལ་སྲིད་ལྷན་ཁང་གི་གསལ་བསྒྲགས་སྐབས་རྒྱལ་སྲིད་དྲུང་ཆེ་མེག་པོམ་པེ་མཆོག་གིས། ཐོངས་མཆན་བཀག་སྡོམ་གྱི་བཀའ་རྒྱ་དེ། རྩོད་གཞི་ཅན་གྱི་ལྷོ་རྒྱུད་རྒྱ་ནག་རྒྱ་མཚོའི་ཁུལ་དུ་ས་ཆ་ཕོན་ཆེན་བདག་བཟུང་དང་། འཛུགས་སྐྲུན། དམག་དོན་ལྟེ་གནས་སུ་སྒྱུར་ཐབས་ཀྱི་ལས་གཞིའི་ནང་མཉམ་ཞུགས་དང་། རྒྱ་ནག་གིས་ཁྱིམ་མཚེས་རྒྱལ་ཁབ་དེ་ཚོར་རང་གི་མཚོ་ཁའི་ཐོན་ཁུངས་སྤྱོད་རྒྱུར་འཇིགས་སྐུལ་བཙན་ཤེད་བྱེད་པའི་བྱ་སྤྱོད་ལ་རྒྱབ་སྐྱོར་དང་ཆ་ཤས་ལེན་མཁན་གྱི་མི་སྒེར་དང་བཟོ་ཚོང་ཁང་ལ་ཁྱབ་ཀྱི་ཡོད། ཅེས་དང་། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོ་ཁུལ་དུ་བཙན་ཤེད་མཚམས་འཇོག་མ་བྱས་བར་དུ། ཨ་རིས་དེར་བསྟུན་ཐག་གཅོད་བྱ་རྒྱུ་ཡིན་ཞིང་། ང་ཚོས་མུ་མཐུད་མཐུན་གྲོགས་རྒྱལ་ཁབ་དང་མཉམ་རུབ་ཀྱིས་འདི་ལྟ་བུའི་བྱ་སྤྱོད་ལ་མཐའ་གཅིག་ཏུ་རྒོལ་རྒྱུ་ཡིན། ཞེས་རྒྱ་ནག་ལ་ཉེན་བརྡ་བཏང་ཡོད་འདུག དེ་བཞིན་ཨ་རིའི་ཚོང་དོན་དྲུང་ཆེ་ཝིལ་བྷར་རོ་སི་ (Wilbur Ross) ཡིས། དེ་རིང་བཀག་སྡོམ་གྱི་ཐོ་གཞུང་ནང་ཚུད་པའི་བཟོ་ཚོང་ཁང་དེ་དག་གིས། རྒྱ་ནག་ལ་མིས་བཟོས་གླིང་ཕྲན་འཛུགས་སྐྲུན་གྱིས་མཚོན་པའི་འཁྲུག་སློང་གི་ལས་གཞིའི་ནང་མཉམ་ཞུགས་མི་དམན་པ་བྱས་ཡོད་སྟབས། ཁོ་ཚོར་འགན་འཁུར་དུ་འཇུག་དགོས་པ་ཡིན། ཞེས་བརྗོད་ཡོད་འདུགད་ཐེངས་ཊོམ་ཕུ་སྲིད་གཞུང་གིས་དཔལ་འབྱོར་ཉེས་ཆད་བཅད་པའི་བཟོ་གྲྭའི་ཁྲོད། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་འཛུགས་སྐྲུན་ལས་འཆར་གཙོ་བོ་གཉེར་མཁན་དང་། ལྷོ་རྒྱུད་རྒྱ་ནག་རྒྱ་མཚོའི་ཁུལ་དུ་མིས་བཟོས་གླིང་ཕྲན་འཛུགས་སྐྲུན་གྱི་ལས་འཆར་ནང་ཆ་ཤས་ཆེན་པོ་ལེན་མཁན་གྱི་གཞུང་གཉེར་རྒྱ་ནག་གི་འགྲིམ་འགྲུལ་འཛུགས་སྐྲུན་བཟོ་གྲྭ་ (China Communications Construction Company (CCCC)) ཞེས་པ་དེ་དང་དེའི་ཡན་ལག་བཟོ་གྲྭ་ཁག་ཡོད་ཅིང་། ཁ་སང་གི་ཨ་རིའི་གཞུང་འབྲེལ་གསལ་བསྒྲགས་ནང་། བཟོ་གྲྭ་དེ་དག་གིས་འཛམ་གླིང་ཁྱོན་ཡོངས་ནང་ལྐོག་ཟ་རུལ་སུངས་དང་། ཚོང་དོན་བཤུ་གཞོག ཁོར་ཡུག་གཏོར་བཅོམ་གྱིས་མཚོན་པའི་ལས་ཀ་གཉེར་ཡོད་སྟབས། རྒྱ་ནག་གཞུང་ལ་གཞུང་གཉེར་བཟོ་གྲྭ་དེ་དག་བརྒྱུད་རྒྱ་བསྐྱེད་རིང་ལུགས་ལག་བསྟར་བྱེད་དུ་འཇུག་རྒྱུ་མེད། ཅེས་ཀྱང་བརྗོད་ཡོད་འདུག

ད་ལྟའི་ཆར་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་ཨ་རིའི་ཐག་གཅོད་དེར་ལན་འདེབས་དམིགས་བསལ་བྱས་མི་འདུག་ཀྱང་། ཨ་རིའི་ནང་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གི་མགྲིན་ཚབ་པ་ཞིག་གིས། ཨ་རིའི་དཔལ་འབྱོར་ཉེས་ཆད་དེ་ནི་རྒྱུ་མཚན་མེད་པ་ཞིག་དང་། ལྷོ་རྒྱ་ནག་རྒྱ་མཚོ་ནི་རྒྱ་ནག་གི་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་སྐོར་དང་། ཨ་རིའི་ངོས་ནས་རང་གི་ཐག་གཅོད་ནོར་བ་དེ་ཕྱིར་འཐེན་བྱས་ཏེ། རྒྱ་ནག་གི་ཁེ་དབང་ཨ་རྒྱའི་འབྲེལ་ལམ་ལ་དོ་ཕོག་གཏོང་མཚམས་འཇོག་དགོས་སྐོར་གྱི་རྒོལ་ལན་བསློགས་ཡོད་འདུག

ལྷོ་རྒྱ་ནག་རྒྱ་མཚོའི་རྩོད་གཞི་དེ་ཨ་རྒྱའི་དམག་འཁྲུག་གི་རྐྱེན་གཙོ་བོ་ཞིག་ཏུ་འགྱུར་ཉེན་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། ཉེ་ཆར་ཕྱི་ཚེས་ ༢༥ ཉིན་རྒྱ་ནག་གིས་ཨ་རིའི་ཡུ་ཊུ་གསང་མྱུལ་གནམ་གྲུ་ (U-2 spy plane) ཞིག་ཆོག་མཆན་མེད་པར་རྒྱ་ནག་གི་དམག་མིའི་དམག་སྦྱོང་བྱེད་སའི་མཁའ་དབྱིངས་སུ་འཕུར་ཡོད་པ་དང་། ཨ་རིའི་བྱེད་སྟངས་དེས་རྒྱ་ནག་ལ་ཆེད་དུ་དམག་འཁྲུག་སློང་གི་ཡོད་སྐོར་སྐྱོན་བརྗོད་བྱས་ཡོད་ཅིང་། ཡང་ཁ་སང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་གནམ་གྲུ་དབོར་འདྲེན་གྲུ་གཟིངས་ (Aircraft Carrier) གཏོར་རྒོལ་བྱ་རྒྱུའི་མེ་མདེལ་གཉིས་འཕངས་ཡོད་སྐོར་གྱི་གནས་ཚུལ་ཐོན་ཡོད་པ་རེད།ནེའུ་ཡོད་དུས་བབ་ཀྱི་གནས་ཚུལ་ལྟར་ན། ཕྱི་ལོ་ ༢༠༡༣ ནས་རྒྱ་ནག་གཞུང་གིས་ཐའེ་ཝན་དང་། ཧྥི་ལི་པིན་ (Philippines)། ཝི་ཐི་ནམ་ (Vietnam)། ཨིན་ཌོ་ནེ་ཤི་ཡ་ (Indonesia)། མ་ལ་ཤི་ཡ་ (Malaysia)། བྷུ་རུ་ནེ་(Brunei) བཅས་བར་ས་ཁོངས་བདག་དབང་ཐད་རྩོད་གཞི་ཡོད་པའི་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ། རྒྱ་ཁྱོན་ལ་ཨེ་ཁར་ ༣༠༠༠ ལས་མང་བའི་གླིང་ཕྲན་གསར་སྐྲུན་དང་། དེ་བཞིན་དམག་རྫོང་སོགས་འཛུགས་སྐྲུན་བསྟུད་མར་བྱས་ཡོད་པ་མ་ཟད། དམག་སྦྱོང་གིས་མཚོན་པའི་དམག་དོན་བྱ་འགུལ་ཤུགས་ཆེ་རུ་སྤེལ་ཡོད་པ་རེད། སྤྱིར་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་ལོ་ལྟར་ཨ་སྒོར་ཐེར་འབུམ་ ༣༣༧༠ ལྷག་གི་ཚོང་ཟོག་དབོར་འདྲེན་བྱེད་ཀྱི་ཡོད་པ་དང་། དེ་ནི་འཛམ་གླིང་ཡོངས་ཀྱི་རྒྱ་མཚོའི་ཚོང་དོན་གྱི་གསུམ་ཆ་གཅིག་ཟིན་གྱི་ཡོད་འདུག ཕྱོགས་གཞན་ནས་ལྷོ་རྒྱ་ནག་རྒྱ་མཚོ་དེ་དམག་དོན་འཐབ་བྱུས་ཀྱི་ས་ཚིགས་གནད་འགག་ཅན་ཞིག་ཆགས་ཡོད་སྟབས། ཨ་རིས་ཀྱང་རྒྱལ་སྤྱིའི་མཚོ་འགྲུལ་རང་དབང་གི་གཞི་རྩའི་འོག་དང་། ཁུལ་དེའི་མཐུན་གྲོགས་རྒྱལ་ཁབ་རྣམས་ཀྱི་ས་ཁོངས་བདག་དབང་སྲུང་སྐྱོབ་ཆེད། ལྷོ་རྒྱ་ནག་རྒྱ་མཚོ་ཁུལ་དུ་དུས་ནས་དུས་སུ་དམག་དོན་སྐོར་སྐྱོད་དང་དམག་སྦྱོང་ལས་གཞི་སྤེལ་མུས་ཡིན་པ་རེད།

ད་ཐེངས་ཀྱི་ཨ་རིའི་ཐག་གཅོད་དེ་ནི་ཉེ་ཆར་ཨ་རིའི་རྒྱལ་སྲིད་ལྷན་ཁང་གིས། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོ་བདག་བཟུང་བྱས་པ་དེ་ཁྲིམས་འགལ་ཞིག་ཡིན་པའི་ངོས་འཛིན་ཐོག་མར་བྱས་པའི་རྗེས་འབྲེལ་གྱི་ཐག་གཅོད་ཅིག་ཡིན་འདུག སྤྱིར་ཕྱི་ལོ་ ༢༠༡༣ ལོར་ཧྥི་ལི་པིན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་ཁྲིམས་ཁང་ལ་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་དང་འབྲེལ་ནས་རྒྱ་ནག་ཁྲིམས་གཏུག་བྱས་པ་ལྟར། ཕྱི་ལོ་ ༢༠༡༦ ལོར་ཁྲིམས་ཁང་དེས་རྒྱ་ནག་ལ་ལོ་རྒྱུས་ཐོག་ནས་ལྷོ་རྒྱ་ནག་རྒྱ་མཚོ་བདག་བཟུང་བྱ་རྒྱུའི་ཐོབ་ཐང་མེད་པའི་བཅད་ཁྲ་བཏང་ཡོད་ཀྱང་། རྒྱ་ནག་གིས་དེར་ངོས་ལེན་བྱས་མེད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༨/༢༧

Leave a Reply

One thought on “ཨ་རིས་རྒྱ་ནག་གི་བཟོ་གྲྭ་ ༢༤ ལ་ཉེས་ཆད་བཅད།

  1. བསོད་ནམས་རྒྱལ་མཚན།

    ཨ་རིའི་ 👉🏼 རྒྱ་དམར་ རྒྱ་སྐྱེད་རིང་ལུགས། རྒྱ་དམར་གྱི་ 👉🏼 རྒྱ་གར་ རྒྱ་སྐྱེད་རིང་ལུགས། རྒྱ་གར་གྱི་ 👉🏼 རྒྱ་དམར་ བཙན་རྒྱལ་རིང་ལུགས། ཁོང་གསུམ་པོ་དེ་ སྲིད་པ་འཁོར་ལོ་ཆགས་འགྲོ་བྱེད་ཀྱི་འདུག་ག 👍 😂 😂 😂 😅 དེའི་བར་ན་ དབྱིན་ཇི་དང་ ཨུ་རུ་སུ་གཉིས་ ཁུ་སིམ་སིམ་ སིམ་ལ་མཐར་ལམ་ཡིན་ས་རེད་ད། མཁས་དབང་རྣམས་པ་ཚོ་ དེ་ལ་རིག་པ་ཞིག་སྤེལ་རོགས།