ཕྱིའི་བོད་མི་ཚོའི་ཁྱིམ་ཐོ་དང་ས་ཆུའི་བདག་དབང་མེད་པར་བཟོ་ཡི་འདུག

རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་ཁོངས་སུ་ཕྱི་རྒྱལ་ཁག་ན་ཡོད་པའི་བོད་མི་རྣམས་ཀྱི་ཁྱིམ་ཐོ་དང་ས་ཆའི་བདག་དབང་མེད་པར་བཟོ་བཞིན་ཡོད་འདུག འདི་ག་བོད་ཀྱི་དུས་བབ་གསར་ཁང་ལ་བོད་ནས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། རྒྱ་ནག་གཞུང་གིས་ཟླ་བ་འདིའི་ཕྱི་ཚེས་༢༤ ཉིན་ནས་འགོ་འཛུགས་ཀྱིས་མཚོ་སྔོན་ཞིང་ཆེན་ཁོངས་ཀྱི་རྫོང་ཁག་ཚང་མའི་ནང་ཁྱིམ་ཐོ་ཞིབ་བཤེར་བྱེད་བཞིན་ཡོད་པ་དང་། བོད་ནང་ཁྱིམ་ཐོ་དང་ས་ཆའི་ཐོབ་ཐང་ནང་ཡོད་ཅིང་། དེང་སྐབས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་གནས་སྡོད་བྱེད་མཁན་བོད་མི་ཡོད་ཚོ་ཁྱིམ་ཐོའི་ཁོངས་ནས་ཕྱིར་འཐེན་དང་ས་ཆའི་བདག་དབང་རྣམས་སྲིད་གཞུང་གིས་ཕྱིར་བསྡུ་བྱེད་ཀྱི་ཡོད་འདུག

 ཁྱིམ་ཐོ་ཞིབ་བཤེར་བྱེད་སྟངས་དེ་ཡང་དབྱེ་བ་གཉིས་སུ་ཕྱེས་ཡོད་འདུག གཅིག་ནི་ཕ་ཡུལ་ལ་ཁྱིམ་ཐོའི་ནང་ཡོད་པ་དང་ས་ཆའི་ཐོབ་ཐང་ནང་ཡོད་ཀྱང་དེང་སྐབས་ཕྱིའི་རྒྱལ་ཁབ་ཁག་ནང་གནས་སྡོད་བྱེད་བཞིན་པ་རྣམས་ཀྱི་ནང་མི་ལ་འབྲེལ་བ་བྱས་ཏེ། ཕྱིའི་རྒྱལ་ཁབ་ལ་ཁྱིམ་ཐོ་ཡོད་མེད་རྩད་ཞིབ་བྱེད་ཀྱི་ཡོད་པ་དང་། གལ་སྲིད་ཕྱིའི་རྒྱལ་ཁབ་ནང་ཁྱིམ་ཐོ་ཡོད་ན། བོད་ནང་གི་ཁྱིམ་ཐོའི་ཁོངས་ནས་ཕྱིར་འཕུད་དང་ས་ཆའི་བདག་དབང་གཞུང་བཞེས་གཏོང་གི་ཡོད་པ་དང་། གལ་སྲིད་ཕྱིའི་རྒྱལ་ཁབ་ལ་ཁྱིམ་ཐོ་མེད་ན་མེད་པའི་དཔང་རྟགས་ཀྱི་ཡིག་ཆ་ངོ་བཤུས་གཏང་དགོས་ཀྱི་ཡོད་འདུག གལ་སྲིད་སྐྱབས་བཅོལ་གྱི་ལག་དེབ་ཐོག་བསྡད་ཡོད་ན་ཡང་ལག་དེབ་ཀྱི་ངོ་བཤུས་གཏང་དགོས་ཀྱི་ཡོད་འདུག

གཉིས་པ་དེ་ནི་བོད་ནང་གནས་སྡོད་བྱེད་མཁན་ཞིག་ཡིན་ཀྱང་ས་གནས་མི་འདྲ་བ་ཁག་གཉིས་ནང་ཁྱིམ་ཐོ་དང་ས་ཆའི་ཐོབ་ཐང་ཡོད་མེད་ཞིབ་བཤེར་བྱེད་ཀྱི་ཡོད་ཅིང་། གལ་སྲིིད་ས་གནས་ཁག་གཉིས་ནང་ཁྱིམ་ཐོ་དང་ས་ཆའི་ཐོབ་ཐང་ལེན་གྱི་ཡོོད་ཚེ་ས་གནས་གཞན་དེའི་ཁྱིམ་ཐོ་མེད་པ་བཟོས་ཏེ་ས་ཆ་གཞུང་བཞེས་གཏོང་གི་ཡོད་པ་རེད་འདུག

 རྒྱ་ནག་གཞུང་གིས་དེང་སྐབས་མཚོ་སྔོན་ཞིང་ཆེན་གྱི་རྫོང་ཁག་སོ་སའི་ས་གནས་སྲིད་གཞུང་གིས་འབྲོག་པ་རྣམས་ལ་རྩྭ་སའི་སྐོར་གྱི་ཚོགས་འདུ་བསྐོང་ཏེ། རྩྭ་སའི་བདག་དབང་སྐོར་གྱི་ལམ་སྟོན་དང་ས་འཛིན་ལག་དེབ་ཟེར་བ་ཤོག་གྲངས་༡༧ ཡོད་པ་ཞིག་བཀྲམས་པ་དང་འབྲེལ། ད་ནས་བཟུང་མང་ཚོགས་ལ་ཡོད་པའི་ས་འཛིན་ལག་དེབ་དང་རྩྭ་ས་རྣམས་གཞུང་གིས་ཕྱིར་བསྡུ་བྱ་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་པ་དང་། འདོད་མོས་ཡོད་མེད་ལ་མ་ལྟོས་པར་ཡིག་ཆའི་ཐོག་མོས་མཐུན་ཡོད་པའི་མིང་རྟགས་བརྒྱབ་བཅུག་ཡོད་པ་རེད། 

 ས་གནས་རྒྱ་ནག་གཞུང་གིས་འགྲེལ་བརྗོད་བྱས་པ་ལྟར་ན། འབྲོག་པ་རྣམས་ཀྱི་རྩྭ་ས་གཞུང་བཞེས་བཏང་རྗེས་འབྲོག་ལས་མཉམ་འབྲེལ་གྱི་ལམ་ལུགས་ལ་བསྒྱུར་རྒྱུ་དང་། དེ་ཡང་འབྲོག་ཁྱིམ་སོ་སོའི་ཕྱུགས་ཁ་གྲངས་མང་ཉུང་ལ་ལྟོས་མེད་ཀྱིས་ཚང་མ་འབྲོག་སྡེ་སྤྱིའི་མིང་ཐོག་ནས་གཞུང་གི་རྩྭ་སའི་ཐོག་མཉམ་དུ་འཚོ་སྐྱོང་བྱས་ཏེ། མར་དང་ཕྱུར་བ་སོགས་ཕྱུགས་ཟོག་གི་ཐོན་རྗས་རྣམས་བགོ་འགྲེམས་བྱ་རྒྱུ་ཡིན་ལུགས་བརྗོད་ཡོད་འདུག 

 རྒྱ་གར་ལྷོ་ཕྱོགས་ས་གནས་གསར་འགོད་པ་དོན་གྲུབ་བཀྲིས།

བསྐྱར་བཅོས།: ༢༠༢༠/༠༨/༢༧

Leave a Reply