བདུན་ཕྲག་འདིའི་ནང་བོད་མིའི་སྤྱི་ཚོཊ་ནང་ཏོག་དབྱིབས་ནད་པ་མང་ཤོས་བྱུང་།

བདུན་ཕྲག་འདིའི་ནང་རྒྱ་གར་རྒྱལ་ཡོངས་ཀྱི་བོད་མིའི་སྤྱི་ཚོགས་ཁྲོད་ཏོག་དབྱིབས་གཉན་རིམས་ཀྱི་ནད་པ་ ༤༢  བྱུང་སྟེ་ད་བར་གྱི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་ཏོག་དབྱིབས་ནད་པ་མང་ཤོས་ཀྱི་བདུན་ཕྲག་ཅིག་ཆགས་འདུགའདི་གའི་གསར་འགོད་པས་ཁ་པར་བརྒྱུད་བོད་མིའི་སྒྲིག་འཛུགས་ཀྱི་ཝོ་ཧན་ཏོག་དབྱིབས་གཉན་རིམས་ཛ་དྲག་ལས་དོན་ཚོགས་ཆུང་གི་འབྲེལ་མཐུད་པ་ཚེ་རིང་མཚམས་གཅོད་ལགས་སུ་བདུན་ཕྲག་འདིའི་ནང་གི་ཏོག་དབྱིབས་གཉན་རིམས་ཀྱི་འགོས་ཁྱབ་གནས་སྟངས་སྐོར་དྲིས་པར། བདུན་ཕྲག་འདིའི་ནང་བཙན་བྱོལ་བོད་མིའི་ནང་ཏོག་དབྱིབས་གཉན་རིམས་ཕོག་མཁན་མི་གྲངས་ ༤༡ བྱུང་ཡོད་པ་རེད། དེ་དག་ནི་མོན་གྷོ་ཊི་གཞིས་ཆགས་ནས་ནད་པ་ ༤ བྱུང་བ་དང་། ལྡི་ལི་རུ་ ༣ ། སྦེལ་ཀོབ་ལ་ ༢ དང་ལ་དྭགས་ཁུལ་དུ་ ༣༢ བཅས་ཁྱོན་ ༤༡ བྱུང་ཡོད། ད་ལྟའི་བར་དུ་རྒྱ་གར་ནང་གི་ང་ཚོ་བོད་པའི་སྤྱི་ཚོགས་ཁྲོད་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་བྱུང་བ་ཁྱོན་མི་གྲངས་ ༡༣༨ དང་དེའི་ཁྲོད་ཀྱི་མི་གྲངས་ ༨༠ དྲག་སྐྱེད་བྱུང་ཡོད། ད་ལྟ་ན་བཞིན་པ་མི་གྲངས་ ༥༥ དང་རྐྱེན་འདས་སུ་ཕྱིན་པ་མི་ ༣ ཆགས་བསྡད་ཡོད། ཅེས་བརྗོད་བྱུང་བ་དང་། རྐྱེན་འདས་སུ་ཕྱིན་པའི་མི་ ༣ ནི་ལྡི་ལི་ནས་མི་ ༢ དང་མོན་གྷོ་ཊི་ནས་མི་ ༡ ཆགས་ཡོད་འདུག འདི་གའི་གསར་འགོད་པས་རྒྱུན་ལོན་བྱུང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༥ དང་ ༢༦ བཅས་བསྟུན་མར་རྒྱལ་ས་ལྡི་ལི་རུ་བོད་མི་གཞན་གཅིག་དང་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་བོད་མི་ ༡ བཅས་བོད་མི་གཉིས་ཏོག་ནད་ཀྱིས་འདས་གྲོངས་སུ་ཕྱིན་ཡོད་འདུག

མཇུག་ཏུ་བོད་མིའི་སྤྱི་ཚོགས་ཁྲོད་ནད་པའི་གྲངས་འབོར་ཇེ་མང་དུ་མི་འགྲོ་བ་དང་བོད་མི་རྣམས་ནས་ཡིད་གཟབ་གནང་དགོས་པའི་ཐད་ཚེ་རིང་མཚམས་གཅོད་ལགས་ཀྱིས། སྤྱིར་བཏང་ན་ཚ་འདི་གསར་པ་ཡིན་པ་དང་། བཅོས་ཐབས་ཀྱི་སྨན་མེད་སྟབས་སྔོན་འགོག་རང་ལ་བརྟེན་དགོས་པ་ཞིག་ཆགས་ཡོད། སྔོན་འགོག་གི་ཐབས་ལམ་ནང་རྒྱལ་སྤྱིའི་ནད་ཡམས་སྔོན་འགོག་གི་ལམ་སྟོན་བཞིན་ལག་པ་འཁྲུད་པ་དང་ཁ་རས་གྱོན་པ། བར་རྒྱང་འཇོག་པ་སོགས་གནང་དགོས་ཀྱི་ཡོད། ང་ཚོ་བོད་མིའི་སྤྱི་ཚོགས་ཀྱི་ནད་པའི་རྒྱབ་ལྗོངས་སུ་བལྟས་ཡོང་དུས། ནད་པ་མང་ཆེ་བ་གྲོང་ཁྱེར་ཆེ་ཁག་ལྡི་ལི་དང་བྷང་ལོར་སོགས་ནས་ཡར་མར་འགྲུལ་བཞུད་བྱས་པ་བརྒྱུད་ན་ཚ་ཕོག་ཡོད། དེར་བརྟེན། ན་མནར་གཤག་བཅོས་གནང་དགོས་པའི་རིགས་སོགས་ཛ་དྲག་གི་གནས་སྟངས་མིན་ཚེ། བོད་མི་ཚོ་འགྲུལ་བཞུད་མ་གནང་རོགས་ཞུ་རྒྱུ་ཡིན་ཞེས་འབོད་སྐུལ་ཞུས་གནང་སོང་།ཚེ་རིང་མཚམས་གཅོད་ལགས་ཀྱིས་བརྗོད་པ་ལྟར་ན། བོད་མི་ཁག་ཅིག་སྨན་ཁང་དུ་མིག་གཤག་བཅོས་དང་ཁྲག་ཤེད། གཅིན་སྙི་སོགས་ཀྱི་ཆེད་རྒྱུན་ལྡན་སྨན་ཁང་དུ་བསྟེན་གཏུག་སླད་ཕེབས་ཀྱི་ཡོད་པ་དང་། ཁོ་ཚོ་སྨན་ཁང་དུ་མ་ཕེབས་སྔོན་ཏོག་དབྱིབས་གཉན་རིམས་འགོས་མེད་ནའང་སྨན་ཁང་དང་འགྲུལ་བཞུད་སྐབས་ན་ཚ་ཕོག་གི་ཡོད་སྟབས། ནམ་རྒྱུན་སྨན་ཁང་བསྟེན་གཏུག་གནང་མཁན་ཚོས་ཐུགས་གཟབ་གནང་གལ་ཆེ་བ་དང་། ད་ལྟའི་བོད་མི་མང་པོ་ཞིག་ལ་ནད་གཡོག་དང་སྨན་ཁང་དུ་འཁྲིད་མཁན་སོགས་བརྒྱུད་ནས་ཏོག་དབྱིབས་གཉན་རིམས་འགོས་ཡོད་སྟབས། སྤྱི་ཚོགས་ནང་ནད་པར་ནད་གཡོག་རྒྱུག་མཁན་དང་སྨན་ཁང་དུ་འཁྲིད་མཁན་སོགས་ནས་གཟབ་གཟབ་གནང་རྒྱུ་གལ་ཆེན་པོ་ཆགས་ཡོད་པ་རེད། གཞན་ཡང་ནམ་རྒྱུན་ནས་སོ་སོའི་ལུས་ཟུང་མ་ལག་གཙོས་པའི་ལུས་པོ་དང་སེམས་ཁམས་འཕྲོད་བསྟེན། དེ་བཞིན། ཞལ་ལག་དུས་ཐོག་ཏུ་མཆོད་པ་དང་དུས་ཚོད་ཏག་ཏག་ལ་གཉིད་ཉལ་བ་སོགས་རྒྱུན་ལྡན་ལྟར་གནང་རྒྱུ་གལ་ཆེན་པོ་ཡིན་པའི་ལམ་སྟོན་དང་འབོད་སྐུལ་ཡང་གནང་སོང་།

དེ་རིང་གི་བོད་མིའི་སྒྲིག་འཛུགས་ཀྱི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ཛ་དྲག་ངལ་སེལ་ཚོགས་ཆུང་གི་གྲངས་ཐོ་ལྟར་ན། རྒྱ་བལ་འབྲུག་གསུམ་གྱི་བོད་མིའི་ནང་ཁྱོན་ཏོག་དབྱིབས་གཉན་རིམས་ནད་པ་ ༡༣༥ ཡི་ཁྲོད་ནས་དྲག་སྐྱེད་བྱུང་བ་ ༨༠ དང་། ན་བཞིན་པ་ ༥༥། འདས་གྲོངས་སུ་ཕྱིན་པ་ ༣ བྱུང་ཡོད་པ་དང་། དེ་མིན་གྱི་ཕྱི་རྒྱལ་ཁག་ནས་བོད་མི་ཁྱོན་ ༢༡༣ ལ་ནད་རྟགས་ཐོན་པའི་ཁྲོད་ནས་ ༡༦༥ དྲག་སྐྱེད་བྱུང་བ་དང་། མི་ ༣༩ ན་བཞིན་པ་དང་། མི་ ༩ འདས་གྲོངས་སུ་ཕྱིན་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༨/༢༨

Leave a Reply