ཉི་ཧོང་གི་སྲིད་བློན་མཆོག་ནས་རྩ་དགོངས་ཞུ་རྒྱུ་ཡིན་འདུག

ཉི་ཧོང་གི་སྲིད་བློན་ཤིན་ཛོ་ཨ་བྷེ་མཆོག་གི་ནད་རྙིང་འཕར་ཏེ་གློ་བུར་དུ་སྲིད་བློན་གྱི་ལས་གནས་ནས་རྩ་དགོངས་ཞུ་རྒྱུ་ཡིན་པ་གསལ་བསྒྲགས་གནང་།དེ་རིང་སྔ་དྲོར་ཉི་ཧོང་གི་སྲིད་བློན་ཤིན་ཛོ་ཨ་བྷེ་(Shinzo Abe)མཆོག་གིས་གསར་འགོད་གསལ་བསྒྲགས་ཤིག་དང་འབྲེལ། སྒེར་གྱི་འཕྲོད་བསྟེན་གནས་སྟངས་རྐྱེན་གྱིས་ཉི་ཧོང་གི་སྲིད་བློན་མཆོག་རྩ་དགོངས་རྒྱུ་ཞུ་ཡིན་པའི་གནས་ཚུལ་བསྒྲགས་སོང་བ་དང་། ད་ལྟའི་ཆར་ཁོང་གི་རྗེས་འཇུག་སྲིད་དབང་འཛིན་མཁན་ཐད་ཐག་གཅོད་བྱུང་མེད་ཀྱང་། ཁོང་གི་སྲིད་དོན་ཚོགས་པ་དང་གྲོས་ཚོགས་འཐུས་མི་ཚོ་མཉམ་དུ་ཛ་དྲག་ངང་ཚོགས་འདུ་འཚོག་བཞིན་ཡོད་འདུག

གསལ་འགོད་གསལ་བསྒྲགས་སྟེང་སྲིད་བློན་ཨ་བྷེ་མཆོག་གིས། ང་རང་ཉི་ཧོང་སྲིད་བློན་གྱི་གོ་གནས་ནས་རྩ་དགོངས་ཞུ་རྒྱུ་ཐག་གཅོད་བྱས་ཟིན་པ་ཡིན་ལ། དེ་སྔ་ནས་ཡོད་པའི་(ulcerative colitis)ན་ཚ་དེ་བསྐྱར་དུ་ལངས་ཏེ། འཕྲོད་བསྟེན་གནས་བབ་དང་གཟུགས་པོའི་ནུས་ཤུགས་ཤོར་ཡོད་པས། འཕྲོད་བསྟེན་གནས་སྟངས་སྐྱོ་བོའི་གནས་བབ་འོག་སྲིད་དབང་གི་སྣེ་ཁྲིད་མི་ཐུབ་སྐོར་དང་། ཁོང་གིས་མ་འོངས་པར་སྲིད་དབང་འཛིན་སྐྱོང་གནང་མཁན་ལ་རྒྱབ་སྐྱོར་གང་ཐུབ་པ་གནང་རྒྱུ་ཡིན་མོད། ཁོང་གི་དམངས་གཙོ་ཚོགས་པས་རྗེས་མའི་སྲིད་དབང་འཛིན་མཁན་དེ་ག་འདྲ་ཞིག་འདེམས་མིན་ཐད་སྐད་ཆ་བཤད་འདོད་མེད་སྐོར་གསུངས་འདུག

ཁོང་གིས་སྲིད་བློན་ལས་གནས་ནས་རྩ་དགོངས་ཞུ་རྒྱུའི་ཐག་གཅོད་དེ་ནི་ཧ་ཅང་གློ་བུར་བ་ཞིག་ཆགས་ཡོད་པ་དང་། དེ་སྔ་ཉི་ཧོང་གི་བདེ་སྲུང་སྲིད་བློན་ཟུར་པ་དང་ད་ལྟའི་ཆར་ཉི་ཧོང་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་རྒན་གྲས་ཊོ་མོ་མེ་(Tomomi Inada)ཡིས། ཨ་བྷེ་ཡིས་དགོངས་ཞུའི་ཐག་གཅོད་དེ་གོ་སོང་ལ། གནས་དོན་དེ་ནི་ཧ་ཅང་གློ་བུར་བ་དང་བློ་ཡིད་ལ་མ་དྲན་པ་ཞིག་ཡིན་པ་དང་། མ་འོངས་པར་སྲིད་དབང་འཛིན་མཁན་ཞིག་བསྐོ་བཞག་མ་བྱུང་བར་དུ་ཨ་བྷེ་མུ་མཐུད་འདུག་རྒྱུ་ཡིན་སྐོར་བརྗོད་འདུག

གནད་དོན་དེའི་ཐད་ཉི་ཧོང་ཊོག་ཡོ་མཱེ་ཇེ་(Meiji University)གཙུག་ལག་སློབ་གཉེར་ཁང་གི་ཆབ་སྲིད་ཚན་རིག་སློབ་དཔོན་ནཱ་ཤི་ཁཱ་ཝ(Nishikawa)ཡིས། སྲིད་བློན་གྱི་ཐག་གཅོད་དེ་ནི་ཉི་ཧོང་རྒྱལ་ཁབ་ནང་ཏོག་དབྱིབས་གཉན་རིམས་དང་། རྒྱ་ནག་དང་འབྲེལ་བའི་ལྷོ་རྒྱ་མཚོའི་མངའ་ཁོངས་རྩོད་རྙོག་སོགས་ཀྱི་དཀའ་ངལ་ཤུགས་ཆེར་འཕྲད་བཞིན་པའི་སྐབས་སུ་བྱུང་བ་ཞིག་ཡིན་པ་དང་། གནད་དོན་དེ་ནི་ཧང་སང་དགོས་པ་ཞིག་དང་མ་འོངས་པར་ཆབ་སྲིད་ཀྱི་དཀའ་རྙོག་ཅིག་ཏུ་ཆགས་མི་སྲིད་པ་མིན་སྐོར་བརྗོད་འདུག

ཨ་བྷེ་མཆོག་སྒེར་གྱི་ན་ཚའི་རྐྱེན་གྱིས་སྲིད་བློན་གྱི་གོ་གནས་ནས་རྩ་དགོངས་ཞུ་རྒྱུ་ཡིན་པའི་གནས་ཚུལ་ཐོན་པ་ཐེངས་དང་པོ་མ་ཡིན་པར། ཕྱི་ལོ་ ༢༠༡༧ ལོར་ན་ཚ་དེ་དང་འབྲེལ་ནས་སྲིད་བློན་གྱི་དུས་ཡུན་མ་རྫོགས་གོང་དགོངས་པ་ཞུ་དགོས་བྱུང་ཡོད་ཀྱང་། རྗེས་སུ་སྨན་བཅོས་སོགས་ཀྱིས་ན་ཚ་དེ་སྟངས་འཛིན་ཐུབ་པ་བྱུང་རྗེས་མུ་མཐུད་སྲིད་བློན་གྱི་ལས་གནས་འཁུར་ཡོད་པ་རེད། ཁོང་གི་(ulcerative colitis)ན་ཚ་དེ་ནི་བྱིས་དུས་ནས་ཡོད་པ་ཞིག་ཡིན་པ་དང་། ལོ་ཤས་སྔོན་སྟངས་འཛིན་ཐུབ་ཡོད་ཀྱང་འདི་ལོའི་ཕྱི་ཟླ་ ༧ ཙམ་ནས་ན་ཚ་བསྐྱར་དུ་ལངས་ཏེ། ཐེངས་ཁ་ཤས་ལ་སྨན་ཁང་དུ་སྨན་བཅོས་བྱས་ཏེ་འདུག་དགོས་བྱུང་ཡོད་འདུག

འདི་ལོར་དགུང་གྲངས་༦༥ ཡིན་པའི་སྲིད་བློན་ཨ་བྷེ་མཆོག་ཕྱི་ལོ་ ༢༠༠༦ ལོར་ཉི་ཧོང་གི་སྲིད་བློན་དུ་བདམས་ཐོན་བྱུང་བ་ནས། འདས་པའི་ལོ་ངོ་ ༡༥ རིང་ཉི་ཧོང་གི་སྲིད་བློན་ལས་ཁུར་ཞུས་ཏེ། ཉི་ཧོང་ལོ་རྒྱུས་ཁྲོད་སྲིད་བློན་གྱི་ཞབས་ཞུའི་དུས་ཡུན་རིང་ཤོས་ཆགས་ཡོད་པ་རེད། ཨ་བྷེ་མཆོག་གི་སྲིད་བློན་དུས་ཡུན་རིང་ཉི་ཧོང་གི་དཔལ་འབྱོར་དང་དམག་དོན་གནས་བབ་ཡར་རྒྱས་ཤུགས་ཆེན་སོང་ཡོད་པ་དང་། ཁོང་ནི་དུས་རྒྱུན་ཉི་ཧོང་རྒྱལ་གཅེས་རིང་ལུགས་པ་གཙོར་འཛིན་དང་། ལྷག་པར་དུ་རྒྱ་ནག་ཐད་ལངས་ཕྱོགས་མཁྲེགས་པོ་འཛིན་མཁན་ཞིག་ཡིན་ལ། ཁོང་གིས་ཉི་ཧོང་འཇིགས་པ་ལས་སྲུང་སྐྱོབ་ཆེད་བདེ་སྲུང་དམག་གི་སྟོབས་ཤུགས་རྒྱ་སྐྱེད་དང་ཉི་ཧོང་གི་དམག་དོན་སྲ་བརྟན་བཟོ་རྒྱུའི་ཐད་ཤུགས་སྣོན་གནང་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

 

བསྐྱར་བཅོས།: ༢༠༢༠/༠༨/༢༨

Leave a Reply

One thought on “ཉི་ཧོང་གི་སྲིད་བློན་མཆོག་ནས་རྩ་དགོངས་ཞུ་རྒྱུ་ཡིན་འདུག