རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལ་ངོ་རྒོལ་བྱས།

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡས་ཀྱིས་ཧྥ་རན་སིའི་ནང་གི་སྐོར་སྐྱོད་དང་བསྟུན་ས་གནས་བོད་མི་དང་ཡུ་གུར། ཧོང་ཀོང་སོགས་ཀྱི་ལས་འགུལ་བས་ངོ་རྒོལ་སྐད་འབོད་བྱེད་ཀྱི་ཡོད་འདུགརྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡས་ཀྱིས་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཕྱིན་རྗེས་ཐེངས་དང་པོ་རྒྱལ་ཁབ་ལྔ་ཡི་ནང་རྒྱལ་དོན་སྐོར་སྐྱོད་བྱེད་ཀྱི་ཡོད་པ་དང་བསྟུན། ས་གནས་སོ་སོ་ན་བོད་མི་དང་ཡུ་གུར། ཧོང་ཀོང་སོགས་ཀྱི་ལས་འགུལ་བ་མང་པོ་ངོ་རྒོལ་ལས་འགུལ་སྤེལ་བཞིན་ཡོད་པ་ལྟར།  དེ་རིང་ཕྱི་ཚེས་ ༢༨ ཉིན། ཧྥ་རན་སིའི་སྲིད་འཛིན་གྱི་བཞུགས་གནས་ (Elysee Palace) སུ། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡས་ཀྱིས་སྲིད་འཛིན་ཨེ་མེ་ཎུལ་མེ་ཁོ་རོན་ (Emmanuel Macron)མཆོག་དང་མཇལ་འཕྲད་བྱེད་ཀྱི་ཡོད་པར་བརྟེན། ས་གནས་བོད་མི་དང་ཐའེ་ཝན། ཡུ་གུར་དང་ཧོང་ཀོང་བ་སོགས་མི་གྲངས་ ༢༠༠ ལྷག་གིས་རྒྱ་ནག་དམར་ཤོག་གཞུང་ལ་ངོ་རྒོལ་སྐད་འབོད་བྱེད་ཀྱི་ཡོད་འདུག

ལས་འགུལ་སྐབས་ངོ་རྒོལ་བ་ཚོས་ཧྥ་རན་སིའི་སྲིད་འཛིན་མཆོག་གིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡས་དང་མཉམ་དུ་བོད་དོན་དང་ཡུ་གུར། ཧོང་ཀོང་སོགས་ཀྱི་ནང་གི་འགྲོ་བ་མིའི་ཐོབ་ཐང་ཀྱི་གནད་དོན་སྐོར་ལ་གླེང་སློང་བྱེད་དགོས་པ་དང་། ཡུལ་ལུང་དེ་དག་ནང་རང་དབང་དགོས་པའི་དགོས་འདུན་བཏོན་ཡོད་པ་དང་། དེ་བཞིན་རྒྱ་ནག་ནང་བཟོས་པའི་དངོས་ཟོག་ཉོ་མཚམས་འཇོག་དགོས་པ་དང་། ཏོག་དབྱིབས་ནད་འབུ་རྒྱ་ནག་གཞུང་གིས་བཟོས་ཏེ་འཛམ་གླིང་མི་མང་གནོད་འཚེ་ཚབས་ཆེན་གཏོང་བཞིན་ཡོད་པ་བཅས་ཀྱི་ངོ་རྒོལ་སྐད་འབོད་བྱས་ཡོད་འདུགཧྥ་རན་སིའི་བོད་རིགས་གསར་འགྱུར་ནང་འགྲེལ་བརྗོད་བྱས་པ་ལྟར་ན། ཝང་ཡས་ཧྥ་རན་སི་ལ་ཡོང་བ་དེ་ཕྱིར་བསྒྲགས་གང་ཡང་མ་བྱས་པར་གསང་བའི་ངང་འབྱོར་ཡོད་པ་དང་། ས་གནས་སུ་སྐུ་སྲུང་མི་སྣ་མང་པོ་ཞིག་བཀྲམས་ཏེ་ཧ་ཅང་དམ་དྲག་བྱེད་ཀྱི་ཡོད་སྐོར་བཀོད་འདུག་ལ།

དེ་རིང་ཕྱི་ཚེས་ ༢༨ ཉིན་རྒྱ་ནག་གི་གཞུང་འབྲེལ་གསར་ཁང་གོ་ལའི་དུས་བབ་སྟེང་བཀོད་པའི་གནས་ཚུལ་ནང་། ཐེངས་འདིའི་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡས་ཧྥ་རན་སི་དང་འཇན་མན་སོགས་རྒྱལ་ཁབ་ལྔའི་ནང་འགྲོ་དགོས་པའི་རྒྱུ་མཚན་ནི། ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་དང་རྒྱ་ནག་གཉིས་མཉམ་འབྲེལ་བྱས་ཏེ་ཏོག་ནད་རྐྱེན་གྱིས་ཉམས་རྒུད་དུ་ཕྱིན་པའི་གོ་ལ་ཁྱོན་ཡོངས་ཀྱི་དཔལ་འབྱོར་ཡར་རྒྱས་གཏོང་ཐབས་དང་། གུ་ཡངས་ཀྱི་ཚོང་ལམ་བསྐྲུན་ཐབས། དེ་བཞིན་ཨ་རིས་གང་འདོད་དུ་དཔལ་འབྱོར་གྱི་ཉེས་ཆད་གཅོད་བཞིན་པར་གདོང་ལེན་སོགས་ཀྱི་ཆེད་དུ་ཡིན་སྐོར་བཀོད་འདུག

ཐེངས་འདིའི་ཝང་ཡས་ཀྱི་ཡོ་རོབ་ནང་བདུན་གཅིག་ཙམ་གྱི་ཕྱོགས་སྐྱོད་དེ་ནི་ཏོག་དབྱིབས་ནད་ཡམས་རྗེས་ཀྱི་ཁོའི་ཕྱི་རྒྱལ་གྱི་ཕྱོགས་སྐྱོད་ཐེངས་དང་པོ་དེ་ཆགས་ཡོད་པ་དང་། ཨི་ཊ་ལི་དང་ནེའུ་དྷར་ལན་ཌིར་སྐྱོར་སྐྱོད་བྱས་ཡོད་པ་དང་། ནོར་ཝེའི་ནང་ཕྱོགས་སྐྱོད་སྐབས། ཧོང་ཀོང་གི་ངོ་རྒོལ་བར་ནོལ་བྷེལ་གཟེངས་རྟགས་སྤྲད་ཚེ། དེ་ནི་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་པར་ངོས་འཛིན་བྱ་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་ཡོད་འདུག  ཕྱི་ལོ་ ༡༦ ལོར་ནོལ་བྷེལ་ཞིའི་བདེ་གཟེངས་རྟགས་རྒྱ་རིགས་ལུའུ་ཞོ་པའོ་ (Liu Xiaobo) ལ་སྤྲད་པར་བརྟེན། ཕྱོགས་གཉིས་ཀྱི་འབྲེལ་བ་སྡུག་ཏུ་ཕྱིན་ཡོད་པ་དང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཞིག་ལོ་ ༡༥ རྗེས་ཐེངས་དང་པོར་ཡུལ་དེའི་ནང་སྐོར་སྐྱོད་བྱས་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༩/༠༢

Leave a Reply