རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟཊ་༧གོང་ས་ལ་འབུལ་དགོས་པའི་ཞུ་སྙན་ཕུལ།

རྒྱ་གར་གྱི་དབུས་གྲོས་ཚོགས་འཐུས་མི་ཟུར་པ་ཁྲིག་སེ་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་སྲིད་འཛིན་དང་སྲིད་བློན་མཆོག་ལ་ཕྱག་ཡིག་ཕུལ་ཏེ་༧གོང་ས་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་བྷ་ར་ཏི་རཱ་ཏ་ནཱ་ (Bharat Ratna) འབུལ་ལམ་ཞུ་དགོས་པའི་རེ་སྐུལ་གནང་འདུགཁ་སང་ཕྱི་ཚེས་ ༢༨ ཉིན་རྒྱ་གར་གྱི་དབུས་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་དང་། ཁྲིག་སེ་རིན་པོ་ཆེ་ངག་དབང་བྱམས་པ་བསྟན་འཛིན་མཆོག་གིས། རྒྱ་གར་གྱི་སྲིད་འཛིན་མཆོག་དང་སྲིད་བློན་མཆོག་རྣམ་གཉིས་ལ་ཕྱག་བྲིས་ཤིག་ཕུལ་ཏེ། དབུས་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་བྷ་ར་ཏི་རཱ་ཏ་ནཱ་ (Bharat Ratna) འབུལ་ལམ་ཞུ་དགོས་པའི་རེ་སྐུལ་གནང་འདུག་ལ། དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཡུལ་མི་ཚོས་ཀྱང་སོ་སོའི་འཐུས་མི་རྣམས་ལ་གཅིག་མཚུངས་ཀྱི་ཞུ་སྐུལ་བྱེད་དགོས་པའི་འབོད་སྐུལ་གནང་འདུག

རིན་པོ་ཆེ་མཆོག་གི་ཕྱག་ཡིག་དེའི་ནང་། ང་ཚོ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རྣམས་ནི་གནའ་བོའི་རྒྱ་གར་གྱི་ན་ལནྜའི་ཆོས་བརྒྱུད་ཡིན་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་དང་རིག་གཞུང་ལ་འབྲེལ་བ་དམ་ཟབ་ཡོད་ལ། ༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༤ པ་མཆོག་གི་བཀའ་ཆོས་ཟབ་མོས་ཡང་ཡང་བྱིན་གྱིས་བརླབས་ཡོད་པ་རེད། ༧གོང་ས་མཆོག་ལ་དྭགས་དང་འབྲས་ལྗོངས། ཧི་མ་ཅལ་དང་ཨ་རུ་ན་ཅལ་བཅས་ཀྱི་ནང་ཡང་ཡང་ཕེབས་པ་དང་བཀའ་ཆོས་བསྩལ་བ་ལ་བརྟེན། ང་ཚོའི་རིག་གཞུང་གི་འབྲེལ་ཐག་དམ་དུ་བཏང་བ་དང་། ཆོས་ཀྱི་ཉམས་ལེན་སླར་གསོ་བྱུང་ཡོད་པ་རེད། ཅེས་བཀོད་འདུག

ཡང་ཕྱག་ཡིག་དེའི་ནང་། འཛམ་གླིང་ཁྱོན་ཡོངས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནི་ཞི་བདེ་དང་ཤེས་རབ། སྙིང་རྗེ་ཡི་མཚོན་དོན་ལ་ངོས་འཛིན་དང་། གཟེངས་རྟགས་བརྒྱ་ཕྲག་ཕུལ་བ་དང་བསྔགས་བརྗོད་བྱེད་བཞིན་པ་ནི་ང་ཚོའི་བླ་མ་དང་ཆོས་ཕྱོགས་ཀྱི་དབུ་འཁྲིད་ཡིན་པའི་ཐོག་ནས་དམིགས་བསལ་གྱི་འབྲེལ་བ་ཡོད་པ་རེད། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཡུལ་མི་རྣམས་ཀྱིས་ཁོང་ནི་རྒྱལ་བ་ཡིད་བཞིན་ནོར་བུ་སྟེ་ཡིད་བཞིན་དུ་འགྲུབ་པའི་ནོར་བུ་དང་། ༧སྤྱན་རས་གཟིགས་སུ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། བཙན་བྱོལ་ནང་ཁོང་གི་གཞན་དོན་གྱི་མཛད་འཕྲིན་ཁག་གིས་ང་ཚོར་ཕན་ཐོགས་ཧ་ཅང་ཆེན་པོ་འབྱུང་གི་ཡོད་པ་རེད། ཁོང་གི་ཐུགས་དགོངས་ལ་བརྟེན་ནས་ང་ཚོའི་སྤྱི་ཚོགས་དང་རིག་གཞུང་དམ་ཟབ་ཏུ་བཏང་ཡོད་ལ། ཆོས་ལུགས་རིས་མེད་དང་བཟོད་སྒོམ་གྱི་བཀའ་སློབ་ཀྱིས་ང་ཚོའི་སྤྱི་ཚོགས་བརྟན་བརླིང་ཆེ་རུ་བཏང་བ། དེ་བཞིན་དུས་རབས་དང་མཐུན་པའི་ཐུགས་དགོངས་དང་གོ་དོན་རྟོགས་སླ་བའི་བཀའ་ཆོས་ཀྱིས་ང་ཚོའི་གཞོན་སྐྱེས་ཚོར་སེམས་སྐུལ་ཐེབས་ཀྱི་ཡོད་པ་རེད། ཁོང་གི་བྱམས་བརྩེའི་བཀའ་དྲིན་ང་ཚོས་གཞལ་ཐབས་མེད་ལ། བཀའ་དྲིན་ཧ་ཅང་དྲན་པའི་སྐབས་འདིར། ང་ཚོ་ཐུན་མོང་གིས་ཁོང་ལ་གཞུང་འབྲེལ་གྱི་ཆེ་བསྟོད་ཅིག་འབུལ་དགོས་ངེས་ཞིག་ཡིན་པ་རེད། ཅེས་བཀོད་འདུག

ཕྱི་ལོ་ ༢༠༡༦ ཟླ་ ༡༢ ནང་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱིས་སྤྱི་མོས་ཐོག་གྲོས་ཆོད་ཐོག་མ་བཞག་སྟེ་དབུས་གཞུང་ལ་སྙན་སེང་ཞུས་ཡོད་པ་དང་། སྐབས་དེའི་གྲོས་ཆོད་ནང་དུ་རྒྱ་གར་གཞུང་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྐུ་ཚེ་ཧྲིལ་བོར་འཛམ་གླིང་ཁྱོན་ཡོངས་སུ་འཚེ་མེད་ཞི་བ་གོང་སྤེལ་གཏོང་གནང་མཛད་པའི་རླབས་ཆེན་གྱི་མཛད་རྗེས་ལ་ངོས་འཛིན་ཞུས་པའི་ཐོག་ནས། ཁོང་ལ་རྒྱ་གར་མི་སེར་གྱི་ཆེས་མཐོའི་གཟེངས་རྟགས་ (Bharat Ratna) ཞེས་པ་དེ་འབུལ་ལམ་ཞུ་དགོས་སྐོར་བཀོད་ཡོད་པ་དང་། དེའི་རྗེས་རྒྱ་གར་གྲོས་ཚོགས་འཐུས་མི་དང་གྲགས་ཅན་མི་སྣ། སྤྱི་ཚོགས་ལས་འགུལ་བ་སོགས་ཀྱིས་ཀྱང་གཟེངས་རྟགས་དེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འབུལ་དགོས་པའི་རེ་སྐུལ་ཞུ་ཡི་ཡོད་པ་རེད།

རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་བྷ་ར་ཊི་ར་ཊི་ན་ནི་ནོར་བུ་ཞེས་པའི་དོན་ཡིན་པ་དང་། དེ་ནི་རྒྱ་གར་རྒྱལ་ཡོངས་ཀྱི་གཟེངས་རྟགས་མཐོ་ཤོས་དེ་ཡིན་ལ། མིའི་རིགས་ཀྱི་བདེ་དོན་ཆེད་མཛད་རྗེས་རླབས་ཆེན་འཇོག་གནང་མཁན་དང་། རང་དབང་དང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་གནང་མཁན་གྱི་མི་སྣ་གྲགས་ཅན་རྣམས་ལ་འབུལ་སྲོལ་ཡོད་པ་ལྟར། ཕྱི་ལོ་ ༡༩༨༠ ལོར་ཡི་ཤུ་ཨ་མ་ཊི་རེ་སཱ་མཆོག་ལ་ཕུལ་ཡོད་པ་དང་། ཕྱི་ལོ་ ༡༩༩༠ ལོར་ལྷོ་ཨ་ཧྥེ་རི་ཁའི་རང་དབང་འཐབ་རྩོད་པ་དང་སྲིད་འཛིན་ཟུར་པ་ནེལ་སན་མན་ཌ་ལཱ་ (Nelson Mandela) མཆོག་དང་། དེ་བཞིན་རྒྱ་གར་རང་བཙན་འཐབ་རྩོད་པ་ཁཱན་ཨབ་དུལ་གྷ་ཕར་ཁཱན་ (Khan Abdul Ghaffar Khan) ། སྲིད་བློན་དམ་པ་ནེ་རོ་མཆོག་སོགས་མི་སྣ་གྲགས་ཅན་ ༤༨ ཙམ་ལ་ཕུལ་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༨/༢༩

Leave a Reply

2 thoughts on “རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟཊ་༧གོང་ས་ལ་འབུལ་དགོས་པའི་ཞུ་སྙན་ཕུལ།

  1. BHARAT RATNA ཟེར་བས་ གཟེངས་རྟགས་དེ་ ཕུལ་ད་ཕུལ་གྱི་མ་རེད་བསམ་གྱི་འདུག ཕྱོགས་གཅིག་ནས་འབྲས་དཀར། ཕྱོགས་གཅིག་ནས་ རྒྱ་ནག་དུམ་བུ་གཏོང་ཡ་སྡིགས་ར་ཡི་ལག་ཆ་དང་། རྒྱ་གར་ཁོ་རང་ཚོའི་རྒྱ་ནག་ལ་ཤ་ལན་ཡིན། བོད་པ་ལ་རྒྱབ་སྐྱོར་དང་ཤ་ཚ་བ་གང་ཡང་མིན། གང་ལྟར་བོད་དེ་ རྒྱ་གར་ཙོད་པས་རྒྱལ་ཁབ་མང་པོའི་ རྒྱ་ནག་ལ་ཁ་གཏད་གཅོག་ཡ་ཁེ་ཕན་གྱི་ཚོང་ར་ཆགས་སྡད་ཡོད། བོད་པ་ཚང་ དེ་ཚོ་ཤེས་པར་བགྱིས་ལ།