༧གོང་ས་མཆོག་ནས་ཉི་ཧོང་སྲིད་བློན་མཆོག་ལ་ཐུགས་སྨོན་གསུང་འཕྲིན་བསྩལ།

ཉི་ཧོང་སྲིད་བློན་ཤིན་ཛོ་ཨ་བྷེ་མཆོག་ནས་རྒྱལ་ཁབ་ཀྱི་ཁེ་ཕན་ལ་དགོངས་ཏེ་སྲིད་བློན་ནས་རྩ་དགོངས་ཞུ་བའི་ཐག་གཅོད་གནང་བར་༧གོང་ས་མཆོག་ནས་ཡི་རང་དང་སྦྲགས་ནད་མནར་ལས་མྱུར་ཏུ་གྲོལ་བའི་ཐུགས་སྨོན་མཛད་འདུག དེ་རིང་ཕྱི་ཚེས་ ༢༩ ཉིན།  ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཉི་ཧོང་གི་སྲིད་བློན་ཤིན་ཛོ་ཨ་བྷེ་(Shinzo Abe)མཆོག་མྱུར་ཏུ་ནད་མནར་ལས་དྲག་སྐྱེད་ཡོང་བའི་ཐུགས་སྨོན་གསུང་འཕྲིན་ཞིག་བསྩལ་བའི་ནང་། ངོས་ནས་སྐུ་ཉིད་ཀྱི་འཕྲོད་བསྟེན་སྨན་བཅོས་ལེགས་འགྲུབ་ཡོང་བའི་སྨོན་ལམ་འདེབས་བཞིན་ཡོད། སྐུ་ཉིད་ཀྱིས་རྒྱལ་ཁབ་ཀྱི་ཁེ་ཕན་ལ་བསམ་གཞིག་གནང་སྟེ་གོ་གནས་ནས་དགོངས་པ་ཞུས་ཏེ། རང་ཉིད་ཀྱི་འཕྲོད་བསྟེན་སྨན་བཅོས་ཐད་དང་ལེན་གནང་བར་ཡི་རང་ཞུ་བཞིན་ཡོད། ཅེས་གསུངས་འདུག

ཡང་གསུང་འཕྲིན་ནང་། སྐུ་ཉིད་ཀྱིས་དབུ་འཁྲིད་དེ་མི་གཞན་ལ་ཞབས་འདེགས་ཞུས་པར་གུས་བརྩི་ཆེན་པོ་བྱེད་བཞིན་ཡོད་ལ། སྐུ་ཉིད་ནི་ཉི་ཧོང་གི་དུས་ཡུན་ཆེས་རིང་བའི་སྲིད་བློན་དང་། ཉིད་ཀྱིས་རང་གི་རྒྱལ་ཁབ་དེ་འཛམ་གླིང་ཡོངས་ནས་གུས་བརྩི་བྱ་ཡུལ་ཞིག་ཏུ་བསྐྲུན་ཡོད་པ་རེད། ཅེས་གསུངས་འདུག་ལ། ཉི་ཧོང་སྲིད་བློན་ཤིན་ཛོ་ཨ་བྷེ་མཆོག་ནས་ཁོང་གི་ནད་རྙིང་གི་རྐྱེན་གྱིས། མི་མང་གི་བདེ་སྡུག་ཐད་ཐག་གཅོད་ཡག་པོ་མ་ཐུབ་པ་ཡིན་ན། སྲིད་བློན་གྱི་གོ་གནས་ནས་བསྡད་ན་ནོར་འཁྲུལ་ཡིན་སྐོར་གསུངས་ཏེ་རྩ་དགོངས་ཞུས་ཡོད་པ་དང་། སྲིད་བློན་ལས་ཡུན་མ་རྫོགས་གོང་ནས་ཁོང་གིས་དགོངས་པ་ཞུ་དགོས་ཐུག་པར་མི་མང་ལ་དགོངས་སེལ་ཡང་ཞུས་ཡོད་པ་རེད།

ཁོང་གིས་རྩ་དགོངས་ཞུས་པ་དང་འབྲེལ་འཛམ་གླིང་རྒྱལ་ཁབ་ཁག་གི་མཐོ་རིམ་མགོ་འཁྲིད་མང་པོས་ཁོང་གི་འཕྲོད་བསྟེན་གནས་སྟངས་ཇེ་ལེགས་སུ་ཡོང་བའི་ཁམས་འདྲི་གནང་བཞིན་ཡོད་པ་དང་། ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས་ཨ་བྷེ་ནི་ངས་ཆེས་གུས་བཀུར་ཞུ་ཡུལ་གྱི་སྲིད་བློན་ཞིག་དང་། ང་རང་སྒེར་གྱི་གྲོགས་པོ་ཡག་ཤོས་ཤིག་ཡིན་པས་ཁོང་སྲིད་བློན་ནས་དགོངས་པ་ཞུ་དགོས་བྱུང་བར་བློ་ཕམ་དང་། ཁོང་གི་ནད་གཞི་མྱུར་ཏུ་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུ་ཡི་ཡོད་ཅེས་གསུངས་ཡོད་པ་དང་། དེ་བཞིན་རྒྱ་གར་སྲིད་བློན་མུ་དྷི་མཆོག་གིས་ཨ་བྷེ་མཆོག་རླབས་ཆེན་གྱི་དབུ་འཁྲིད་དང་ཁོང་རང་སྒེར་གྱི་གྲོགས་པོ་ཞིག་ཡིན་སྐོར་གསུངས་ཡོད་འདུག

ད་ལྟའི་ཆར་སྲིད་བློན་ཨ་བྷེ་མཆོག་གི་རྗེས་འཛིན་མཁན་སུ་ཞིག་ཡོང་མིན་ཐག་གཅོད་བྱུང་མེད་ཀྱང་། ཉི་ཧོང་དམངས་གཙོ་སྲིད་དོན་ཚོགས་པས་བསྒྲགས་པའི་གནས་ཚུལ་ནང་། སྲིད་དབང་འཛིན་མཁན་གསར་པ་དེ་ཕྱི་ཟླ་ ༩་ཚེས་ ༡༥ བར་བདམས་ཐོན་བྱུང་ཚར་བ་གནང་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་དང་། རྒྱལ་སྤྱིའི་སྟེང་ཉི་ཧོང་གི་སྲིད་དབང་འཛིན་མཁན་སུ་ཞིག་ཡོང་མིན་དང་། ཨ་བྷེ་མཆོག་གིས་གློ་བུར་རྩ་དགོངས་ཞུས་པ་དེས་ཉི་ཧོང་ཆབ་སྲིད་ཐད་དཀའ་རྙོག་ཡོང་མིན་གྱི་གླེང་སློང་ཆེན་པོ་བྱེད་བཞིན་ཡོད་པ་རེད།

སྲིད་བློན་ཨ་བྷེ་མཆོག་ཕྱི་ལོ་ ༢༠༠༦ ལོར་ཉི་ཧོང་གི་སྲིད་བློན་དུ་བདམས་ཐོན་བྱུང་བ་ནས། འདས་པའི་ལོ་ངོ་ ༡༥ རིང་ཉི་ཧོང་གི་སྲིད་བློན་ལས་ཁུར་ཞུས་ཏེ། ཉི་ཧོང་ལོ་རྒྱུས་ཁྲོད་སྲིད་བློན་གྱི་ཞབས་ཞུའི་དུས་ཡུན་རིང་ཤོས་ཆགས་ཡོད་པ་རེད། ཨ་བྷེ་མཆོག་གི་སྲིད་བློན་དུས་ཡུན་རིང་ཉི་ཧོང་གི་དཔལ་འབྱོར་དང་དམག་དོན་གནས་བབ་ཡར་རྒྱས་ཤུགས་ཆེན་སོང་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༨/༢༩

Leave a Reply

One thought on “༧གོང་ས་མཆོག་ནས་ཉི་ཧོང་སྲིད་བློན་མཆོག་ལ་ཐུགས་སྨོན་གསུང་འཕྲིན་བསྩལ།