ཤིན་ཅང་ནང་གསར་དུ་སྐྱེས་པའི་བྱིས་པ་ཚོའང་གསོད་ཀྱི་འདུག་ཟེར།

རྒྱ་ནག་གཞུང་གིས་ཤིན་ཅང་ཡུ་གུར་མི་རིགས་རྩ་མེད་གཏོང་བའི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་པའི་གནས་ཚུལ་རིམ་པར་ཐོན་ཡོད་པ་ལྟར་ཡུ་གུར་གྱི་བུད་མེད་ཚོར་སྐྱེ་སྒོ་གཏན་འགོག་དང་གསར་དུ་སྐྱེས་པའི་བྱིས་པ་གསོད་པ་སོགས་བྱེད་ཀྱི་ཡོད་པའི་ཞིབ་འཇུག་སྙན་ཐོ་བཏོན།

འཇར་མན་གྱི་མི་རྒྱུད་རིག་པ་བ་དང་ཤིན་ཅང་ཁུལ་གྱི་སློབ་གསོ་བསྒྱུར་བཀོད་ཁང་གི་སྐོར་ལ་ཆེད་མཁས་པ་སྐུ་ཞབས་ཨ་ཌི་རན་རྫན་(Adrian Zenz)ལགས་ཀྱིས། རྒྱ་ནག་གིས་ཤིན་ཅང་ཁུལ་དུ་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ཐོག་ཉམས་ཞིབ་བྱས་ཏེ་སྙན་ཐོ་ཞིག་བཏོན་པའི་ནང་། ད་ལྟ་རྒྱ་ནག་གཞུང་གིས་ཤིན་ཅང་ཁུལ་གྱི་ཡུ་གུར་བུད་མེད་རྣམས་ཀྱི་སྐྱེ་སྒོ་གཏན་འགོག་བྱས་ཏེ། ཡུ་གུར་མི་རིགས་འཕེལ་རྒྱས་ལ་དྲག་གནོན་དང་། བཙན་དབང་གིས་མངལ་ཆགས་པའི་སྦྲུལ་མ་རྣམས་ཀྱི་བྱིས་པ་མེད་པར་བཟོ་བ་དང་སྐྱེ་སྒོ་ཚོད་འཛིན་གྱི་གཏན་འབེབ་ཁྲིམས་ཟེར་བ་ལས་བརྒལ་ཡོད་ཚེ། གསར་དུ་སྐྱེས་པའི་བྱིས་པའང་གསོད་ཀྱི་ཡོད་པའི་གནས་ཚུལ་སོགས་ཐེར་འདོན་གནང་འདུག

ཡང་སྙན་ཐོ་དེའི་ནང་། ཕྱི་ལོ་ ༢༠༡༥ ནས་ ༢༠༡༩ བར་ཤིན་ཅང་ཁུལ་གྱི་མི་འབོར་འཕེལ་ཚད་བརྒྱ་ཆ་ ༨༤ མར་ཆག་ཡོད་པ་དང་། ཕྱི་ལོ་ ༢༠༢༠ ལོར་མི་འབོར་འཕེལ་ཚད་ཀླད་གོར་དུ་དམིགས་འབེན་འཛིན་བཞིན་ཡོད་སྐོར་དང་། ཕྱི་ལོ་ ༢༠༡༩ ལོར་རྒྱ་ནག་གིས་ཡུ་གུར་གྱི་གྲོང་གསེབ་ཁག་གཉིས་ཀྱི་གཉེན་སྒྲིག་ཟིན་པའི་བུད་མེད་ཀྱི་བརྒྱ་ཆ་ ༣༤ ཡི་སྐྱེ་སྒོ་གཏན་འགོག་ལག་བསྟར་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་གིས་ལས་གཞི་དེར་རོགས་དངུལ་ཇེ་མང་དུ་བཏང་སྟེ། ཡུ་གུར་གྱི་གྲོང་གསེབ་ཁག་ཡོངས་ཀྱི་གཉེན་སྒྲིག་ཟིན་པའི་བུད་མེད་ཀྱི་བརྒྱ་ཆ་ ༢༠ ཡི་སྐྱེ་སྒོ་གཏན་འགོག་ལག་བསྟར་བྱེད་བཞིན་ཡོད་པ་མ་ཟད། ཤིན་ཅང་གི་ལྷོ་རྒྱུད་ས་ཁུལ་ཡོངས་ལ་ལག་བསྟར་དམིགས་འབེན་བཟུང་ཡོད་སྐོར། དེ་བཞིན།

ཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་གིས་ཡུ་གུར་རང་སྐྱོང་ཁུལ་དུ་སྐྱེ་སྒོ་གཏན་འགོག་གི་ལས་གཞི་ཤུགས་ཆེན་སྤེལ་བ་ཡོངས་བསྒྲགས་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ལོར་ཤིན་ཅང་ས་གནས་སྲིད་གཞུང་གིས་ལྷོ་རྒྱུད་ཀྱི་གྲོང་གསེབ་ཁག་བཞིའི་སྐྱེ་ནུས་ལྡན་པའི་བུད་མེད་བརྒྱ་ཆ་ ༨༠ ཡི་སྐྱེ་སྒོ་གཏན་འགོག་བྱེད་པའམ་མོ་མཚན་ནང་སྐྱེ་འགོག་ཞ་ཉེ་བཞག་ཡོད་སྐོར་སོགས་བརྗོད་ཡོད་འདུག

ཡུ་གུར་རང་སྐྱོང་ཁུལ་དུ་ལོ་ངོ་ ༡༥ རིང་སྦྲུལ་མ་གསོ་བཅོས་ཀྱི་སྨན་པ་བྱེད་མྱོང་མཁན་(Hasiyet Abdulla)ལགས་ཀྱིས། སྨན་ཁང་ཚང་མར་འཆར་ལྡན་བུ་སྐྱེ་ཡི་སྲིད་བྱུས་ལག་བསྟར་ཚན་པ་ཡོད་པ་དང་། ཚན་པ་དེས་བུད་མེད་སུ་ཞིག་ལ་བྱིས་པ་ག་ཚོད་ཡོད་པ་དང་ག་དུས་སྐྱེས་པ་སོགས་ཀྱི་རྒྱབ་ལྗོངས་ཚང་མ་རྒྱུས་ལོན་བྱས་ཏེ་སྐྱེ་འགོག་སྲིད་བྱུས་ལག་བསྟར་བྱེད་དགོས་ཀྱི་ཡོད། ཅེས་དང་། སྒྲིག་ཁྲིམས་ཧ་ཅང་བཙན་པོ་ཡོད། བུད་མེད་ཅིག་གིས་བྱིས་པ་ཞིག་སྐྱེས་རྗེས་བར་ཐག་ལོ་ ༣ ནས་ ༤ བར་ངེས་པར་དུ་འཇོག་དགོས་པ་དང་། གོང་རིམ་གྱི་བཀའ་ལྟར་ང་ཚོས་བྱིས་པ་སྐྱེས་ཚད་མ་ལོན་པ་དང་བྱིས་པ་ཁག་ཅིག་སྐྱེས་པ་དང་གསོད་དགོས་ཀྱི་ཡོད། གལ་སྲིད་བཀའ་དང་ལེན་མ་བྱས་ཚེ་སྨན་ཁང་ལ་ཆད་པ་ཕོག་གི་ཡོད། ཅེས་བརྗོད་ཡོད་འདུག

གཞན་ཡང་ཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་གཞུང་གིས་རྒྱལ་ཡོངས་ཀྱི་སྐྱེ་འགོག་ཞ་ཉེ་འཇོག་པའི་ལས་རིགས་བརྒྱ་ཆ་ ༨༠ ཤིན་ཅང་ནས་སྤེལ་ཡོད་སྟབས། ལོ་དེར་ཤིན་ཅང་ཁུལ་དུ་ལོ་ན་ ༡༨ ནས་ ༤༩ བར་གྱི་ཡུག་མོ་དང་ཟླ་མཚན་ཆད་པའི་བུད་མེད་ལྡབ་འགྱུར་གྱིས་ཇེ་མང་དུ་ཕྱིན་ཡོད་པ་དང་། ཉམས་ཞིབ་པས་དེ་ནི་སློབ་གསོ་བསྒྱུར་བཀོད་ཁང་དུ་བུད་མེད་དེ་ཚོའི་ཁྱོ་ག་ཤི་བའམ་ཡང་ན་བུད་མེད་ཀྱི་ཟླ་མཚན་གཏན་གཅོད་དམ་གནས་སྐབས་བཀག་འགོག་བྱེད་པའི་སྨན་ཁབ་བརྒྱབས་ཡོད་པ་བསྟན་ཡོད་པའི་འགྲེལ་བརྗོད་བྱས་འདུགཡང་མི་འབོར་འཕེལ་རྒྱས་ཀྱི་གནད་དོན་དང་འབྲེལ་སྙན་ཐོའི་ནང་། ཕྱི་ལོ་ ༢༠༡༥ ནས་ ༢༠༡༨ བར་ཤིན་ཅང་ཁུལ་དུ་ཡོད་པའི་་རྒྱ་རིགས་གྲངས་འབོར་འབུམ་ ༦ དང་ཕྱེད་ཀ་ལྷག་ཤིན་ཅང་ནས་གནས་སྤོས་བྱས་ཡོད་ཀྱང་། ཁོ་ཚོའི་ཚབ་ཏུ་རྒྱ་ནག་གཞུང་གིས་རྒྱ་རིགས་མི་འབོར་ས་ཡ་ ༢ གནས་སྤོར་བྱེད་དུ་བཅུག་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ལོའི་མི་འབོར་འཕེལ་ཚད་ཀྱི་གྲངས་འབོར་ལྟར་ན། ཤིན་ཅང་ཁུལ་གྱི་རྒྱ་མི་རིགས་ཀྱི་གྲངས་འབོར་ནི་ཡུ་གུར་བའི་མི་འབོར་ལས་ལྡབ་ ༨ ཀྱིས་མང་བ་ཆགས་ཡོད་སྟབས། གྲངས་འབོར་དེས་ཤིན་ཅང་ཁུལ་དུ་རྒྱ་ནག་གིས་མི་སེར་སྤེལ་ཡུལ་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་བསྟན་ཡོད་སྐོར་བརྗོད་འདུག

ཞིབ་འཇུག་སྙན་ཐོ་ལྟར་ན། རྒྱ་ནག་གི་འཆར་ལྡན་བུ་སྐྱེ་ཡི་སྲིད་བྱུས་ཁྲོད། ད་ལྟ་བྱིས་པ་གསུམ་དང་དེའི་ཡན་གྱི་བྱིས་པ་ཡོད་པའི་ཡུ་གུར་བུད་མེད་རྣམས་ཀྱི་སྐྱེ་སྒོ་གཏན་འགོག་བྱེད་ཀྱིན་ཡོད་པ་དང་། བུད་མེད་ཁག་ཅིག་ལ་བྱིས་པ་ ༢ ལས་མེད་ཀྱང་སྐྱེ་སྒོ་འགོག་གི་ཡོད་པ་དང་། གལ་སྲིད་རྒྱ་ནག་གི་གཏན་འབེབ་སྒྲིག་ཁྲིམས་ཟེར་བ་དེ་དང་བརྒལ་བ་ཡིན་ན། གྲངས་ཉུངས་མི་རིགས་ཀྱི་བུད་མེད་ཚོར་ཉེས་ཆད་ནན་མོ་གཏོང་གི་ཡོད་པ་མ་ཟད། བྱིས་པ་སྐྱེས་གྲབས་ཡོད་མེད་ལ་མ་ལྟོས་པར་མངལ་གྱི་བྱིས་པའང་མེད་པར་བཟོ་ཡི་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༦ པའི་ནང་། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་གིས། རྒྱ་ནག་གིས་ཤིན་ཅང་ཁུལ་དུ་བུད་མེད་ཀྱི་སྐྱེ་སྒོ་གཏན་འགོག་བྱེད་བཞིན་པ་ནི་ཡུ་གུར་ཁ་ཆེ་གྲངས་ཉུང་མི་རིགས་ཀྱི་རིགས་རྒྱུད་རྩ་མེད་གཏོང་ཆེད་དུ་ཡིན་པའི་སྐྱོན་བརྗོད་གནང་ཡོད་པ་དང་སྦྲགས། ཨ་རིའི་གཞུང་གིས་གནད་དོན་དེའི་ཐོག་ཞིབ་འཇུག་བྱས་ཏེ། རྒྱལ་ཚོགས་ཀྱི་རིགས་རྒྱུད་རྩ་མེད་ཀྱི་གྲོས་ཡིག་གཞིར་བཟུང་། ཡུ་གུར་ཁ་ཆེ་གྲངས་ཉུང་མི་རིགས་ཀྱི་རིགས་རྒྱུད་རྩ་མེད་གཏོང་བའི་སྲིད་བྱུས་མཚམས་འཇོག་དང་སྲུང་སྐྱོབ་དགོས་པའི་འབོད་སྐུལ་ཞུས་གནང་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༨/༢༩

Leave a Reply