རྒྱ་ནག་གིས་བོད་ཀྱི་ལས་དོན་སྐོར་གྱི་ཚོགས་འདུ་ཟེར་བ་ཚོགས།

རྒྱ་ནག་གཞུང་གིས་པེ་ཅིན་གྲོང་ཁྱེར་དུ་བོད་ཀྱི་ལས་དོན་སྐོར་གྱི་ཚོགས་འདུ་ཐེངས་ ༧ པ་ཟེར་བ་དེ་བསྡུས་ནས་བོད་ནང་གི་ཁ་བྲལ་བར་རྒོལ་རྡུང་དང་བོད་ཀྱི་མཐའ་མཚམས་བརྟན་སྲུང་ལ་ཤུགས་སྣོན་དགོས་སྐོར་བསྒྲགས།རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་གྱིས་བོད་སྐོར་གྱི་ལས་དོན་ཚོགས་འདུ་ཟེར་བའི་སྟེང་ཏང་གི་རྩ་འཛུགས་དང་སྲིད་དབང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་བདེ་འཇགས་དང་བོད་ལྗོངས་ཡུན་རིང་བདེ་འགོད་ཡོང་བར་འགན་ལེན་ཧུར་ཐག་དང་། བོད་ནང་གི་ཁ་བྲལ་བར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས་སྐོར་དང་། རྒྱ་ནག་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཇེ་བརྟན་དུ་གཏོང་དགོས་པར་བཤད།

ཁ་སང་ཕྱི་ཚེས་ ༢༨ ཉིན་ནས་ཉིན་གྲངས་གཉིས་རིང་། རྒྱ་ནག་དམར་ཤོག་ཚོགས་པའི་བོད་སྐོར་གྱི་ལས་དོན་ཚོགས་འདུ་ཐེངས་བདུན་པ་ཟེར་བ་དེ་རྒྱ་ནག་པེ་ཅིན་གྲོང་ཁྱེར་དུ་འཚོག་བཞིན་ཡོད་པ་དང་། ཚོགས་འདུའི་ཐོག་རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་དང་སྲིད་བློན་ལི་ཁེ་ཆྰང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་གཙོ་ཝང་དབྱང་གཙོའི་བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འགོ་འཁྲིད་དང་། ད་དུང་མཚོ་སྔོན་དང་ཟི་ཁྲོན་སོགས་རྒྱ་ནག་གི་ཞིང་ཆེན་ཁག་གི་ནང་བཅད་བགོས་བྱས་པའི་བོད་རིགས་རང་སྐྱོང་ས་ཁུལ་གྱི་མགོ་འཁྲིད་སོགས་མཉམ་ཞུགས་བྱས་ཡོད་འདུག

རྒྱ་ནག་གཞུང་འབྲེལ་ཀྲུང་གོའི་བོད་ལྗོངས་ཟེར་བས་ཞི་ཅིན་ཕིན་གྱི་གཏམ་བཤད་སྤེལ་བའི་ནང་།  དུས་རབས་གསར་པ་དང་ལས་འགན་གསར་པའི་མདུན་དུ། ཏང་གི་རྩ་འཛུགས་དང་སྲིད་དབང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱལ་ཁབ་བདེ་འཇགས་དང་བོད་ལྗོངས་ཡུན་རིང་བདེ་འགོད་ཡོང་བར་འགན་ལེན་ཧུར་ཐག་བྱ་དགོས་ཤིང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་འགན་ལེན་བཅས་བྱས་ཏེ་མཐུན་སྒྲིལ་འབྱོར་ཕྱུག་དང་། ཤེས་དཔལ། ཞི་མཐུན། མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཧུར་ཐག་གིས་བསྐྲུན་དགོས་སྐོར་བརྗོད་འདུག

ཡང་ཁོས། ངེས་པར་དུ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་། རྒྱ་ནག་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཇེ་བརྟན་དུ་གཏོང་བ་དང་། འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱ་དགོས་སྐོར་བརྗོད་ཡོད་འདུག

ཚོགས་འདུ་དེ་ནི་རྒྱ་ནག་དམར་ཤོག་ཚོགས་པས་ཕྱི་ལོ་ ༢༠༡༧ ལོར་བོད་སྐོར་གྱི་ཚོགས་འདུ་དྲུག་པ་ཟེར་བ་ཚོགས་པ་ནས། རྒྱ་ནག་ནང་ཏོག་དབྱིབས་གཉན་རིམས་བྱུང་བཞིན་པའི་བར་སྐབས་ཤིག་ལ་ཚོགས་ཡོད་པ་དང་། ཚོགས་འདུ་དེ་མ་ཚོགས་སྔོན་ལ་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཝུའི་དབྱང་ཅེ་ཟེར་བས། ཏང་གི་ཆབ་སྲིད་སློབ་ཚན་ཚོགས་འདུ་ཟེར་བ་དང་བསྟུན་ནས། བོད་མི་ཚོས་ཏཱ་ལའི་བླ་མ་དང་ཁ་བྲལ་བའི་སིམ་འཛུལ་ལ་མཐའ་གཅིག་ཏུ་ཕལ་རྒོལ་དང་། བརྟན་ལྷིང་སྲུང་སྐྱོང་། མཐའ་སྲུང་སྲ་བརྟན་སོགས་ཀྱི་ལས་དོན་སྔར་ལས་ཡག་པོ་ཡོང་དགོས་པའི་གཏམ་བཤད་བྱས་ཡོད་པ་རེད།

རྒྱ་ནག་གཞུང་གིས་ད་བར་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་ཁ་ཤས་ལ་ཚོགས་ཡོད་ཀྱང་། ཕྱི་ལོ་ ༢༠༡༥ ལོའི་བོད་ཀྱི་བཞུགས་མོལ་ཚོགས་འདུ་ཟེར་བའི་སྟེང་རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་མཉམ་ཞུགས་ཀྱིས་བོད་དོན་སྐོར་ལ་གཏམ་བཤད་བྱེད་སྐབས།  ངེས་པར་དུ་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དང་དམིགས་བསལ་འགལ་ཟླ་སྟངས་འཛིན་ནན་པོ་ཐུབ་པ་བྱས་ཏེ། ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་སྲིད་བྱུས་ལ་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་།  ངེས་པར་དུ་རྒྱ་ནག་གི་མི་རིགས་སྲིད་བྱུས་དང་ཆོས་ལུགས་སྲིད་བྱུས་ཕྱོགས་ཡོངས་ནས་ལག་བསྟར་ཡང་དག་བྱེད་པ་དང་། རྒྱལ་ནང་དང་རྒྱལ་སྤྱི་གཉིས་ཀྱི་ཁྲོད་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བཅས་བྱེད་དགོས་ཟེར་བ་དང་། རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་བ་དང་།  མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལ་བརྟན་བརླིང་ཡོང་བ་བྱེད་དགོས་སྐོར་སོགས་བརྗོད་ཡོད་པ་རེད།

འདི་ལོའི་ཕྱི་ཟླ་ ༥ ནང་རྒྱ་ནག་གཞུང་གིས་ཆེད་མངགས་བོད་འབྲེལ་ཕྱི་ཕྱོགས་བརྟག་ཞིབ་ཚོགས་ཆུང་ཟེར་བ་ཞིག་བོད་ཀྱི་རྒྱལ་ས་ལྷ་སར་བཏང་སྟེ། བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་ཚོ་དང་མཉམ་དུ་ཚོགས་འདུ་ཚོགས་ཏེ། བོད་དང་འབྲེལ་བའི་ཕྱི་ཕྱོགས་ལས་དོན་གྱི་ཇུས་ཆེན་ཟེར་བ་ཞིག་ལ་གྲོས་བསྡུར་བྱས་ཡོད་པ་དང་།  ཚོགས་འདུའི་སྟེང་རྒྱ་ནག་ཕྱི་འབྲེལ་ལས་ཁུངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཆི་ཡུས་ཟེར་བས། བོད་དང་འབྲེལ་བ་ཡོད་པའི་ཕྱི་ཕྱོགས་ལས་དོན་ནི་རྒྱལ་ཁབ་སྤྱི་ཡོངས་ཀྱི་ཕྱི་འབྲེལ་ལྷུ་ཚིགས་གལ་ཆེན་ཞིག་ཆགས་ཡོད་པས། བོད་དང་འབྲེལ་བ་ཡོད་པའི་འཐབ་རྩོད་ཀྱི་རྙོག་འཛིང་དང་ཛ་དྲག་གི་དུས་བབ་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། རྒྱལ་ཁབ་བདེ་འཇགས་ཆེད་འཐབ་རྩོད་དགོས་སྐོར་བརྗོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༨/༢༩

Leave a Reply