ཅེག་གཞུང་གིས་ཐའེ་ཝན་ནང་གཟིཊ་སྐོར་གནང་བར་རྒྱ་གཞུང་གིས་རྒོལ་ལན་སློག་ངེས་ཡིན་ཟེར།

ཐའེ་ཝན་དང་ཅེག་སྤྱི་མཐུན་རྒྱལ་ཁབ་གཉིས་ནི་འགྲོ་བ་མིའི་ཐོབ་ཐང་གཙོར་འཛིན་བྱེད་མཁན་དམངས་གཙོའི་རྒྱལ་ཁབ་གཉིས་ཡིན་པས་རྒྱ་ནག་གཞུང་ལ་མགོ་འདོགས་དགོས་དོན་གང་ཡང་མེད་པའི་ལན་འདེབས་གནང་།ཁ་སང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ཀྱི་ཚོགས་གཙོ་མེ་ལོ་སི་(Milos Vystrcil) ལགས་ཐའེ་ཝན་དུ་གཞུང་འབྲེལ་ཕྱོགས་སྐྱོད་དུ་ཕེབས་ཏེ། ཐའེ་ཝན་དང་ཅེག་སྤྱི་མཐུན་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་གོང་འཕེལ་དུ་གཏོང་རྒྱུ་ཡིན་པ་མ་ཟད།  ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱ་ནག་གཞུང་ལ་མགོ་འདོགས་བྱ་རྒྱུ་མིན་པའི་ཐ་ཚིག་བསྒྲགས་པར་བརྟེན། དེ་རིང་རྒྱ་ནག་གཞུང་གིས། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྡོག་རོལ་བཏང་སྟེ། ཐའེ་ཝན་དུ་གཞུང་འབྲེལ་ཕྱོགས་སྐྱོད་བྱས་པར་ཡ་ལན་ངེས་ཅན་སློག་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག

དེ་ཡང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེ་ཟེར་བས། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ཚོགས་གཙོ་མེ་ལོ་སི་ཡིས། མཐོང་རྒྱ་ཆུང་བའི་བྱ་སྤྱོད་དང་ཆབ་སྲིད་ཀྱི་གོ་སྐབས་བཟུང་སྟེ་རྒྱ་ནག་ལ་འཛེམ་མེད་ཀྱིས་ཉེན་བརྡ་བཏང་བར། རྒྱ་ནག་གཞུང་དང་རྒྱ་ནག་མི་མང་རང་སོར་འདུག་རྒྱུ་མིན་པ་མ་ཟད། ཐའེ་ཝན་དུ་གཞུང་འབྲེལ་ཕྱོགས་སྐྱོད་བྱས་པར་རྒོལ་ལན་ཉེས་ཆད་གཅོད་རྒྱུ་ཡིན། ཞེས་བརྗོད་ཡོད་པ་དང་། རྒྱ་ནག་གིས་ཅེག་གྲོས་ཚོགས་ཀྱི་ཚོགས་གཙོ་ལགས་སུ་ཉེས་ཆད་ཇི་ལྟར་གཅོད་ཐུབ་ཀྱི་ཡོད་པའི་ཞིབ་ཕྲའི་གནས་ཚུལ་གང་ཡང་འགྲེལ་བརྗོད་བྱས་མེད་པ་རེད།

དེའི་རྗེས་ཅེག་གྲོས་ཚོགས་ཚོགས་གཙོ་ལགས་ཀྱིས་རྒྱ་ནག་ལ་ལན་འདེབས་བྱས་ཏེ། ང་ཚོ་ནི་རང་དབང་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པ་དང་འཛམ་གླིང་རྒྱལ་ཁབ་ཚང་མར་བཟང་ཕྱོགས་ཀྱི་འབྲེལ་ལམ་འཛུགས་འདོད་ཡོད་པས། རྒྱ་ནག་ཕྱི་སྲིད་བློན་ཆེན་གྱིས་གཏམ་ག་རེ་བསྒྲགས་ཀྱང་། ང་ཚོས་མུ་མཐུད་འབྲེལ་ལམ་རྒྱུན་སྐྱོང་བྱ་རྒྱུ་ཡིན་ལ། ངས་བསྐྱར་དུ་བཤད་རྒྱུ་ཞིག་ལ་ད་རེས་ཀྱི་སྐོར་སྐྱོད་འདི་བརྒྱུད་མི་སུ་གཅིག་ལའང་ཆབ་སྲིད་ཀྱི་ཁ་གཏད་སློང་གི་མེད། ཅེས་བརྗོད་ཡོད་པ་དང་། ཐའེ་ཝན་དཔལ་འབྱོར་བློན་ཆེན་ཝང་མེ་ཧྥོའོ་ལགས་ཀྱིས། ཐའེ་ཝན་དང་ཅེག་སྤྱི་མཐུན་རྒྱལ་ཁབ་གཉིས་ནི་འགྲོ་བ་མིའི་ཐོབ་ཐང་གཙོར་འཛིན་བྱེད་པའི་དམངས་གཙོའི་རྒྱལ་ཁབ་གཉིས་ཡིན་པ་དང་། ཐའེ་ཝན་ལ་ཅེག་ནང་བཞིན་གྱི་རིན་ཐང་ཡོད། ཅེས་བརྗོད་ཡོད་པ་རེད།

ཅེག་གྲོས་ཚོགས་ཀྱི་ཚོགས་གཙོ་ལགས་ཀྱིས། རྒྱ་ནག་ལ་ཐད་ཀར་ལན་འདེབས་བྱས་མེད་ཀྱང་། ཐའེ་ཝན་དང་ལྷན་དུ་ཚོང་འབྲེལ་གོང་འཕེལ་གཏོང་རྒྱུ་གཙོས་པའི་རང་དབང་དང་དམངས་གཙོ་ནི་འཕེལ་རྒྱས་ཀྱི་རྩ་བ་ཡིན་པ་སོགས་ཀྱི་གཏམ་བཤད་སྤེལ་ཡོད་པ་རེད།

ཅེག་གྲོས་ཚོགས་ཀྱི་ཚོགས་གཙོ་མེ་ལོ་སི་ལགས་ཁ་སང་ཕྱི་ཚེས་ ༣༠ ཉིན་ནས་ཕྱི་ཟླ་ ༩ ཚེས་ ༤ བར་གྱི་ཉིན་གྲངས་ ༦ རིང་ཐའེ་ཝན་དུ་སྐོར་སྐྱོད་གནང་གི་ཡོད་པ་དང་། སྐོར་སྐྱོད་ཁྲོད་ཐའེ་ཝན་དང་ཅེག་གཉིས་ཀྱི་ཚོང་འབྲེལ་གཙོས་པའི་མཉམ་འབྲེལ་དང་རིག་གཞུང་སོགས་ཀྱི་སྐོར་ལ་གྲོས་བསྡུར་དང་། ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་ཡེན་ཝུན་མཆོག་དང་ཐུག་འཕྲད་དང་ཐའེ་ཝན་གྲོས་ཚོགས་ནང་གཏམ་བཤད་སོགས་གནང་འཆར་ཡོད་འདུག་ལ། རྒྱ་ནག་དང་ཅེག་སྤྱི་མཐུན་རྒྱལ་ཁབ་བར་ཕྱི་ལོ་ ༢༠༡༣ ལོར་ཚོང་འབྲེལ་བཙུགས་ཡོད་ཀྱང་། མ་དངུལ་འཛུགས་མ་ཐུབ་པའི་དཀའ་ངལ་འོག་འབྲེལ་ལམ་ཆད་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༨/༣༡

Leave a Reply