ཁ་སང་གཅིག་པུར་རྒྱ་གར་ནང་ཏོག་དབྱིབས་ནད་པ་གསར་པ་ཁྲི་ ༧ ལྷག་བྱུང་།

རྒྱ་གར་ནང་མི་གྲངས་ས་ཡ་གསུམ་དང་ཕྱེད་ཀ་ལྷག་ལ་ཏོག་དབྱིབས་གཉན་རིམས་འགོས་པ་དང་མི་གྲངས་ཁྲི་ ༦ ལྷག་འདས་གྲོངས་སུ་ཕྱིན་ཡོད་འདུགརྒྱ་གར་ནང་ཉིན་རེར་ཏོག་དབྱིབས་ནད་པའི་གྲངས་འབོར་ཧ་ཅང་འཕར་བཞིན་ཡོད་ཀྱང་། དཔལ་འབྱོར་བསྐྱར་གསོའི་ཆེད་བཀག་རྒྱ་ཕལ་ཆེ་བ་ལྷོད་ཡངས་སུ་བཏང་ཡོད་སྟབས། ཁ་སང་ཕྱི་ཚེས་ ༣༠ ཉིན་གཅིག་པུར་རྒྱ་གར་རྒྱལ་ཡོངས་ནང་ཏོག་དབྱིབས་ནད་པ་གསར་པ་ ༧༨༧༦༡ ཐོན་པར་བརྟེན། ད་བར་ཉིན་གཅིག་ནང་ཏོག་དབྱིབས་ནད་པ་ཐོན་གྲངས་མང་ཤོས་ཀྱི་རྒྱལ་ཁབ་དེ་ཆགས་ཡོད་འདུག

ཁ་སང་སྲིད་བློན་མུ་དྷི་མཆོག་གིས་རྒྱུན་ལྡན་རླུང་འཕྲིན་ལས་རིམ་ནང་ནད་པའི་ཐོན་གྲངས་སྐོར་གང་ཡང་གསུངས་མེད་ཀྱང་། རྒྱ་གར་གྱི་མི་སེར་ཚང་མའི་འཕྲོད་བསྟེན་བདེ་འཇགས་དང་བདེ་སྐྱིད་ངང་གནས་རྒྱུ་གལ་ཆེན་པོ་ཡིན་ལ། ང་ཚོ་ཚང་མས་མཉམ་རུབ་ཀྱིས་ནད་ཡམས་འདིར་ཁ་གཏད་ཡོངས་སུ་གཅོག་དགོས། ཞེས་དང་།  གལ་ཏེ་ཁྱེད་ཀྱིས་རང་ཉིད་ཀྱི་འཕྲོད་བསྟེན་ལ་བདེ་འཇགས་དང་ཕན་ཚུན་བར་རྒྱང་ཐག་བཀྱེད་ཚེ། ད་གཟོད་ནད་ཡམས་འདིར་ཁ་གཏད་གཅོག་ཐུབ་པ་ཡིན། ཞེས་གསུངས་ཡོད་འདུག

དེ་བཞིན་ཁ་སང་རྒྱ་གར་གྱི་དབུས་འཕྲོད་བསྟེན་བློན་ཆེན་སྨན་པ་ཧར་ཤི་ཝར་དྷན་ (Harsh Vardhan) ལགས་ཀྱིས། རྒྱ་གར་ནང་ཏོག་དབྱིབས་ནད་ཡམས་དེ་འདི་ལོའི་ལོ་མཇུག་བར་སྟངས་འཛིན་བྱ་ཐུབ་རྒྱུའི་གདེང་ཚོད་ཡོད་སྐོར་དང་། ད་ལྟའི་ཆར་རྒྱལ་ཡོངས་ནང་ཉིན་གཅིག་ནང་ནད་ཡམས་བརྟག་དཔྱད་གྲངས་ས་ཡ་ ༡ ལྷག་བྱེད་ཀྱི་ཡོད་པ་དང་། རྒྱལ་ཡོངས་སུ་ནད་ཡམས་བརྟག་དཔྱད་ཁང་ ༡༥༨༣ ལྷག་ཡོད་ཅིང་། རང་སྲུང་གྱོན་ཆས་དང་། དབུགས་སྐྱོར་འཕྲུལ་ཆ་དང་ཁ་རེས་སོགས་འདང་ངེས་ཡོད་པ་མ་ཟད། ད་ལྟའི་ཆར་ཆར་སྔོན་འགོག་སྨན་ཁབ་ཀྱི་ཕན་ནུས་ལ་བརྟག་དཔྱད་བྱེད་མུས་ཡིན་སྐོར་བརྗོད་ཡོད་འདུག སྤྱིར་རྒྱ་གར་གྱི་ Bharat Biotech Vaccine ལྟེ་གནས་ཁང་དང་། རྒྱ་གར་གྱི་དབུས་སྨན་བཅོས་ཞིབ་འཇུག་ཁང་ (ICMR) གཉིས་ཟུང་འབྲེལ་གྱིས་སྒྲུབ་བཞིན་པའི་རྒྱ་གར་རང་གི་སྔོན་ཁབ་ཐོག་མ་ཁོ་ཝ་སིན་ (Covaxin) ཞེས་པ་དེ། མིའི་ལུས་པོར་ཟུར་སྐྱོན་ཕོག་མིན་གྱི་བརྟག་དཔྱད་རིམ་པ་གཉིས་པར་ཐོན་ཡོད་འདུག དེ་བཞིན་རྒྱ་གར་ལ་ཕྱིའི་ལྟེ་གནས་ཁང་དང་མཉམ་འབྲེལ་བརྒྱུད་ཐོབ་ཆ་ཡོད་པའི་ཨོག་སི་ཧྥོ་ཌི་སློབ་ཆེན་ (AZ/Oxford) གྱི་སྔོན་འགོག་སྨན་ཁབ་དང་ཨ་རིའི་ནོ་ཝ་ཝེག་སི་ (Novavax) གཉིས་ཀྱང་བརྟག་དཔྱད་ཀྱི་རིམ་པར་ཞུགས་མུས་ཡིན་འདུག

ཆེད་ལས་འཕྲོད་བསྟེན་མི་སྣས་རྒྱ་གར་ནང་ཏོག་དབྱིབས་ནད་གྲངས་འཕར་བཞིན་པའི་རྒྱུ་མཚན་གཙོ་བོ་ནི། ཏོག་དབྱིབས་ནད་ཡམས་དེ་རྒྱ་གར་གྱི་གྲོང་གསེབ་ཁུལ་དུ་མགྱོགས་པོར་འགོས་ཁྱབ་འགྲོ་བཞིན་པས་ཡིན་སྐོར་བརྗོད་ཡོད་འདུག་ལ། ཡང་ཕྱོགས་གཞན་ནས་རྒྱ་གར་གྱིས་ནད་ཡམས་ཀྱི་ཐོག་མའི་དུས་སྐབས་སུ་རྒྱལ་ཡོངས་ལ་ཁྱིམ་སྡོད་བཀའ་རྒྱ་བསྒྲགས་ཏེ། ཟླ་བ་ ༣ ཙམ་རིང་སྤྱི་དམངས་ཀྱི་འགྲིམ་འགྲུལ་དང་དགོས་ངེས་མ་ཡིན་པའི་ཚོང་དོན་བྱེད་སྒོ་ཕལ་ཆེ་བ་སྒོ་བརྒྱབ་པའི་རྐྱེན་གྱིས། གཞན་དང་བསྡུར་ན་སྟངས་འཛིན་གང་འཚམ་བྱས་ཐུབ་ཡོད་ཀྱང་། དཔལ་འབྱོར་ཉམས་ཉེས་ཀྱི་གཡང་སར་ལྷུང་ཉེན་ལ་འཇིགས་ཏེ། འདི་ལོའི་ཕྱི་ཟླ་ ༦ ཚེས་ ༨ ནས་རྒྱལ་ཡོངས་སྒོ་རྒྱ་འབྱེད་པའི་ (Unlock 1.0) སྲིད་བྱུས་ལག་བསྟར་བྱས་ཡོད་ཅིང་། རིམ་པས་རྒྱལ་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་ལ་གསོན་ཤུགས་རྒྱས་མགོ་བརྩམས་ཡོད་ཀྱང་། ལྡི་ལི་དང་མཱམ་བྷའེ་(Mumbai ) ཡིས་མཚོན་པའི་ཚོང་གི་ལྟེ་བའི་གྲོང་ཁྱེར་ཁག་ཏུ་ནད་ཡམས་ཤུགས་ཆེར་ཁྱབ་ཡོད་ཅིང་། འདས་པའི་བདུན་ཕྲག་འགའ་ཤས་རིང་གྲོང་ཁྱེར་ནས་གྲོང་གསེབ་ཁུལ་དུ་ཁྱབ་མགོ་བཙུགས་ཏེ། ཁ་སང་དྷ་སའི་ཉེ་འཁྲིས་ཀང་ར་རྫོང་གཅིག་པུའི་ནང་ཏོག་དབྱིབས་ནད་པ་གསར་པ་ ༥༡ ཐོན་ཡོད་པ་རེད།རྒྱ་གར་གྱི་སྨན་པ་རཱ་ཇིབ་པཱ་རེག་ (Rajiv Parekh) གྱིས་རུ་ཊར་གསར་ཁང་ལ། མི་རྣམས་ཀྱིས་ནད་པའི་གྲངས་མར་ཆག་མགོ་བཙུགས་པ་དང་། ནད་ཡམས་ཀྱི་དམག་འཐབ་ནང་རྒྱལ་སོང་བསམ་སྟེ། ཚང་མས་ཁ་རེས་མི་གྱོན་པ་དང་། སྤྱི་ཚོགས་རྒྱང་བཀྱེད་མེད་པར་ཕྱིར་ཐོན་ཡོད་པ་རེད། ང་ཚོས་གནས་སྟངས་དེ་ཐོག་མ་ནས་བྱུང་རྒྱུར་བཀག་འགོག་བྱས་དགོས་པ་རེད། ཅེས་མང་ཚོགས་དང་གཞུང་ནས་ལྷོད་གཡེང་བཏང་ཡོད་པའི་བསམ་ཚུལ་བཏོན་ཡོད་ཅིང་། ཡང་སྨན་པ་དང་ཆེད་མཁས་པ་མི་ཉུང་བས་རྒྱ་གར་གྱིས་ད་དུང་ཡང་བརྟག་དཔྱད་ཧ་ཅང་ཉུང་ཉུང་བྱེད་ཀྱི་ཡོད་པ་དང་། འཛམ་གླིང་གི་ནད་ཡམས་མང་ཤོས་ཀྱི་རྒྱལ་ཁབ་བཅུའི་ཁྲོད་ནས། མི་ས་ཡ་རེར་བརྟག་དཔྱད་བྱེད་པའི་གྲངས་འབོར་ལ་ལྟོས་ནས་བཤད་ན། རྒྱ་གར་ད་དུང་ཨང་རིམ་དྲུག་པར་ལུས་ཡོད་སྐོར་བརྗོད་ཀྱིན་འདུག་ལ། གཞན་ཡང་རྒྱ་གར་གྱིས་ཏོག་དབྱིབས་ནད་ཡམས་ཀྱི་ནད་ཐག་ཆོད་པའི་ནད་པ་ཙམ་ལས། དོགས་གཞི་ཅན་གྱི་ནད་པ་རྐྱེན་འདས་སུ་སོང་བ་རྣམས་གཞུང་འབྲེལ་གྲངས་ཐོའི་ནང་འཇུག་གི་མེད་སྟབས། རྒྱ་གར་གཞུང་གིས་གྲངས་ཐོ་དེས་གནས་ཚུལ་དངོས་མཚོན་མིན་ཐད་དོགས་སློང་བྱེད་ཀྱི་ཡོད་འདུག དེ་ཡང་རྒྱ་གར་དང་མེག་སི་ཁོ་ (Mexico) གཉིས་བསྡུར་ཚེ། ད་བར་མེག་སི་ཁོར་ཏོག་དབྱིབས་ནད་པ་ ༥༩༡,༠༠༠ ལས་མེད་པ་དང་། རྒྱ་གར་ལ་མཚོན་ན་དེ་ལས་ལྡབ་འགྱུར་གྱིས་ཁྱོན་ས་ཡ་ ༣ དང་ཕྱེད་ཀ་ལྷག་ཡོད་ཀྱང་། རྐྱེན་འདས་སུ་ཕྱིན་པའི་གྲངས་འབོར་ཐད་ མེག་སི་ཁོར་ ༦༤༤༩༧ དང་རྒྱ་གར་ལ་ ༦༥༤༡༧་བཅས་གཉིས་ཀར་ཁྱད་པར་དེ་ཙམ་མེད་པ་རེད།

རྒྱ་གར་རྒྱལ་ཡོངས་ནང་ཏོག་དབྱིབས་ནད་ཡམས་ཤུགས་ཆེར་འཕར་མིན་ལ་ལྟོས་མེད་ཀྱིས། ཁེ་ཉིན་ཕྱི་ཚེས་ ༢༩ ཉིན་རྒྱ་གར་གཞུང་གིས་སྒོ་རྒྱ་འབྱེད་པའི་རིམ་པ་ ༤ ཟེར་བ་ཞིག་བསྒྲགས་ཏེ། ཕྱི་ཟླ་ ༩ ཚེས་ ༧ ནས་གྲོང་ཁྱེར་ཁག་གི་ས་འོག་མེ་འཁོར་གྱི་ཞབས་ཞུ་མགོ་འཛུགས་རྒྱུ་དང་། དེ་བཞིན་ཕྱི་ཚེས་ ༢༡ ནས་མི་གྲངས་ ༡༠༠ ལས་མི་མང་བའི་སྤྱི་ཚོགས་དང་། ཆབ་སྲིད། ཆོས་ལུགས། རྩེད་རིགས། ཤེས་ཡོན་བཅས་ཀྱི་འདུ་འཛོམས་ཆོག་པ་མ་ཟད། མངའ་སྡེ་དག་གིས་ཛ་དྲག་མིན་པའི་ས་ཁུལ་དག་ལ་ཁྱིམ་སྡོད་བཀའ་རྒྱ་བསྒྲགས་མི་ཆོག་པའི་བཀའ་ཁྱབ་བཏང་ཡོད་འདུག འོན་ཀྱང་སློབ་གྲྭ་དང་། མཐོ་སློབ། ཆུ་བརྐྱལ། གློག་བརྙན་ཁང་སོགས་མུ་མཐུད་སྒོ་བརྒྱབ་དགོས་ཀྱི་ཡོད་འདུག

ད་ལྟའི་ཆར་འཛམ་གླིང་ནང་གི་ཏོག་དབྱིབས་ནད་པ་མང་ཤོས་དེ་ཨ་རིའི་ནང་ཡོད་ཅིང་། ཕྱི་ཟླ་ ༧ ཚེས་ ༡༧ ཉིན་ཨ་རིའི་ནང་ནད་པ་གསར་པ་ ༧༧༢༩༩ ཐོན་ཡོད་པ་དེ། ད་སྔའི་བར་གྱི་ནད་གྲངས་མཐོ་ཤོས་དེ་ཆགས་ཡོད་ཀྱང་། དེའི་རྗེས་བསྟུད་མར་ནད་མནར་ཇེ་ཉུང་དུ་ཕྱིན་ཏེ། རྒྱ་གར་དང་བསྡུར་ན་ཁ་སང་ནད་པ་གསར་པ་ ༤༤༢༦༩ ལས་ཐོན་མེད་པ་རེད། ད་བར་ཨ་རིའི་ནང་ཏོག་དབྱིབས་ནད་པ་ས་ཡ་ ༦ ལས་མང་བ་བྱུང་ཡོད་ཅིང་། དེ་དག་ཁྲོད་ནས་འབུམ་ ༢ མ་ཟིན་ཙམ་རྐྱེན་འདས་སུ་ཕྱིན་ཡོད། ཨ་རིའི་རྗེས་བྷ་ར་ཛིལ་ (Brazil) ནང་ཁྱོན་ནད་པ་ས་ཡ་ ༤ མ་ཟིན་ཙམ་དང་། རྐྱེན་འདས་སུ་སོང་བ་འབུམ་ ༡།༢ བྱུང་ཡོད། རྒྱ་གར་ལ་མཚོན་ན། ད་བར་ནད་མནར་གྱི་གྲངས་ས་ཡ་གསུམ་དང་ཕྱེད་ཀ་ལས་མང་བ་དང་། རྐྱེན་འདས་སུ་ཕྱིན་པའི་མི་གྲངས་ ༦༤༤༦༩ བྱུང་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༨/༣༡

Leave a Reply