བོད་རིགས་དམག་དཔོན་ཞིག་རྐྱེན་འདས་སུ་ཕྱིན།

ལ་དྭགས་ཀྱི་བོད་མིའི་དྭང་ཞབས་བརྒྱ་ཤོག་བདུན་པའི་མེ་ཏོག་གཉིས་ཅན་གྱི་བརྒྱ་དཔོན་ཉི་མ་བསྟན་འཛིན་ཞུ་བ་རྐྱེན་འདས་དང་བསྟན་འཛིན་བློ་ལྡན་ཞེས་པོའི་གཞོན་ནུ་ཞིག་ལ་རྨས་སྐྱོན་ཆེན་པོ་ཕོག་ཡོད་འདུགདེ་རིང་འདི་གར་འབྲེལ་ཡོད་ཁག་ཅིག་ནས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན།  ཟླ་འདིའི་ཕྱི་ཚེས་ ༢༩ ཉིན་གྱི་དགོང་མོར་ལ་དྭགས་སྤང་གོང་མཚོའི་ཉེ་འགྲམ་ས་མཚམས་སུ་རྒྱ་གར་དམག་མིས་ལྟ་སྲུང་གནང་སྐབས། བོད་མིའི་དྭང་ཞབས་བརྒྱ་ཤོག་བདུན་པའི་མེ་ཏོག་གཉིས་ཅན་གྱི་བརྒྱ་དཔོན་ཉི་མ་བསྟན་འཛིན་ཞུ་བ་ཞིག་འབར་རྫས་འཐོར་ནས་གློ་བུར་རྐྱེན་འདས་སུ་ཕྱིན་ཡོད་པ་དང་། ཁོང་གི་དམག་རོགས་བོད་རིགས་གཞོན་ནུ་བསྟན་འཛིན་བློ་ལྡན་ཞེས་པ་ཞིག་ལའང་རྨས་སྐྱོན་ཆེན་པོ་ཕོག་སྟེ། ད་ལྟ་ཅན་ཌི་གྷར་དུ་སྨན་བཅོས་གནང་བཞིན་ཡོད་སྐོར་བརྗོད་ཀྱི་འདུག
ད་ལྟའི་ཆར་རྒྱ་གར་གཞུང་ཕྱོགས་ནས་བོད་རིགས་དམག་མི་གཉིས་ལ་ཤི་རྨས་བྱུང་བའི་རྒྱུ་རྐྱེན་ཁ་གསལ་གྱི་འགྲེལ་བརྗོད་དེ་འདྲ་གནང་མེད་ཀྱང་།
ས་གནས་ཀྱི་འབྲེལ་ཡོད་ཚོས་འབར་རྫས་དེ་ཕྱི་ལོ་ ༡༩༦༢ ལོའི་རྒྱ་དཀར་ནག་གི་འཐབ་འཛིང་སྐབས་ལྟ་བུ་ཞིག་ལ་ས་འོག་ཏུ་སྦས་ནས་ལྷག་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་འདུག་ལ། ཡང་མི་ཁག་ཅིག་ནས་རྒྱ་གིས་མེ་མདས་བརྒྱབ་སྟེ་ཤི་རྨས་བྱུང་བ་ཡིན་ལུགས་དང་། རྒྱ་དམག་ལའང་རྨས་སྐྱོན་བཟོས་ཡོད་ཚུལ་བརྗོད་མཁན་ཡང་འདུག
 རྒྱ་གར་གྱི་གསར་ལམ་ཁག་དུ་རྒྱ་དམག་མིས་རྒྱ་གར་གྱི་ས་ཐོག་ལ་བཙན་འཛུལ་བྱེད་པའི་འབད་བརྩོན་བྱས་ཡོད་ཀྱང་། རྒྱ་གར་དམག་མིར་སྔ་ས་ནས་གྲ་སྒྲིག་ཡོད་སྟབས་ལམ་ལྷོངས་བྱུང་མེད་སྐོར་དང་།  རྒྱ་ནག་ཕྱོགས་ནས་གྲོས་མོལ་ཁག་གི་དགོངས་དོན་ལ་རྩིས་མེད་ཐོག་ས་མཚམས་བརྒལ་ནས་བཙན་འཛུལ་བྱེད་བཞིན་ཡོད་པ་དང་།  རྒྱ་གར་ཕྱོགས་ནས་དཔལ་མགོན་མཚོ་ཁུལ་དུ་དམག་ཤུགས་ཆེ་རུ་གཏོང་གི་ཡོད་སྐོར་བརྗོད་ཀྱི་འདུག
 རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནས་ཡིན་པའི་འདས་པོ་ཉི་མ་བསྟན་འཛིན་ལགས་ཀྱི་འབྲེལ་ཡོད་དམག་ཟུར་ཞིག་གིས། ད་པའི་རྒྱ་གར་ལྷོ་ཕྱོགས་ས་གནས་ཀྱི་འབྲེལ་ཡོད་ཚོ་མཉམ་རུབ་ཀྱིས། མཆོད་འབུལ་སྨོན་ལམ་ཞིག་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། དེ་བཞིན་ཕྱི་རྒྱལ་ཁག་ན་ཡོད་པའི་འདས་པོའི་གྲོགས་པོ་ཚོས་དངུལ་བསྡུ་རུབ་བྱས་ཏེ། འདས་པོའི་བཟའ་ཟླ་དང་བུ་ཕྲུག་ལ་གདུང་སེམས་མཉམ་སྐྱེད་ཞུ་བར་འགྲོ་འཆར་ཡོད་སྐོར་བརྗོད་བྱུང་།
རྐྱེན་འདས་སུ་ཕྱིན་པའི་བརྒྱ་དཔོན་ཉི་མ་བསྟན་འཛིན་ལགས་ནི་ལ་དྭགས་གསོད་ནམས་གླིང་སྨན་ལྷ་གཞིས་གྲོང་དང་པོ་ནས་ཡིན་ཞིང་།  ཁོང་ལ་ཤུལ་དུ་བཟའ་ཟླ་དང་བུ་ཕྲུག་བུ་བུ་མོ་གཉིས་བཅས་ཡོད་འདུག   ཁོང་ནི་མི་ཧ་ཅང་ཡག་པོ་ཞིག་ཡིན་པ་མ་ཟད། ནམ་རྒྱུན་དམག་མི་གསར་ཞུགས་པ་ཚོར་རོགས་པ་མང་པོོ་བྱེད་མཁན་དང་།  ལས་རོགས་ཚང་མས་དགའ་མོས་བྱེད་ས་ཞིག་ཡིན་འདུག
རྨས་སྐྱོན་ཕོག་པའི་རང་ལོ་ ༢༥ མ་ཟིན་ཙམ་གྱི་བསྟན་འཛིན་བློ་ལྡན་ནི་བསོད་ནམས་གླིང་ཨ་ཀླིན་གཞིས་གྲོང་བདུན་པ་ནས་ཡིན་འདུག་ལ། ལ་དྭགས་བོད་ཁྱིམ་ནས་འཛིན་རིམ་བཅུ་པ་བཅུ་གཅིག་ཙམ་ཐོན་རྗེས་དམག་ཁུངས་སུ་འཛུལ་ཞུགས་བྱས་ཏེ་ལོ་ལྔ་དྲུག་ཡས་མས་འགྲོ་བཞིན་ཡོད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག  དོན་འགྲུབ་བཀྲ་ཤིས།

བསྐྱར་བཅོས།: ༢༠༢༠/༠༩/༠༢

Leave a Reply

3 thoughts on “བོད་རིགས་དམག་དཔོན་ཞིག་རྐྱེན་འདས་སུ་ཕྱིན།

  1. བསོད་ནམས་རྒྱལ་མཚན།

    ཨ་ ཆགས་སྒོ། བོད་མིའི་ལས་དབང་། རྒྱ་གར་གྱིས་བྲན་གཡོག་གཉིས་རྐྱེན་ཆག་བྱུང་འདུག་ག ཨོཾ་མ་ཎི་པདྨེ་ཧཱུཾ། ཕར་ཕྱོགས་ནས་ཚུར་ རྒྱ་མིའི་བོད་པ་བཏང་། དེ་ནས་རྒྱ་གར་གྱི་ཕར་ བོད་པ་བེད་སྤྱོད་བྱེད། བོད་པ་གྲངས་ཉུང་མི་རིགས། རྒྱ་དཀར་ནག་གཉིས་ཀྱི་དམག་ལ་ བོད་པ་རྩ་མེད་གཏོང་ཡ་དམིགས་ཡུལ། བོད་པ་ཚང་ ཤེས་སོང་ངམ་ བཙན་བྱོལ་ལ་ ཡུན་རིང་གནས་དགོས་ན་གང་འདྲ་ཡོང་ས་རེད་ ད་དུང་བློ་སེང་གི་ 5+50 འཆར་གཞི། འོ་ཡ་ བོད་པ་ཚང་ བསམ་བློ་ཡག་པོ་བཏང་ནས་ ༧གོང་ས་མཆོག་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་འདུན་དང་། ད་ལན་ སྲིད་སྐྱོང་ཚད་ལྡན་ཞིག་ སླེབ་ཐུབ་པ་ཤུག་བྱ་དགོས།།

    1. རྩམ་ཁུག་ཚེ་རིང་།

      ལྐུགས་པ་བུ་རྒོད་གཅིག་ལ་རྒྱ་དང་རྒོལ་སྐབས་བྱུང་བའམ་བོད་མིའི་བློ་སྟོབས་ཅན་གཅིག་རྒྱ་དང་རྒོལ་རྒྱུའི་གོ་སྐབས་འཚོལ་ཕྱིན་པར་བར་ཆད་བྱུང་བ་རེད།
      གླེ་ལྐུགས་ཁྱོད་འདྲ་དེ་ཚོ་ག་རེ་བྱེད་དགོས་རེད་རྒྱ་སྒོར་ག་ཚོད་རག་བྱུང?

  2. རིགས་མྱུག།

    རྒྱ་དམག་གིས་བསད་པ་རེད་དམ་ཡང་ན་འབར་གས་ཤོར་ནས་གྲོངས་པ་རེད་དམ།

    བོད་མི་ཁྲོད་ཁྱབ་བཞིན་པའི་གནས་ཚུལ་དང་པོ—-“རང་རེ་དྭང་ཞབས་བརྒྱ་ཤོག་བདུན་པའི་མེ་ཏོག་གཉིས་ཅན་གྱི་གོ་གནས་ཡོད་པ་ཞིག་ལ་ཧིན་བོད་ས་མཚམས་ལ་སྐོར་གཡེང་འགྲོ་སྐབས་རྒྱ་དམག་དང་ཐུག་ནས། རྒྱ་དམག་གིས་ཁོང་གི་འཇིང་པའི་སྟེངས་ལ་མེ་མདའ་བརྒྱབ་ནས་སྐུ་གྲོངས་པ་དང་། རོགས་པ་ན་གཞོན་དམག་མི་ཞིག་ཀྱང་རྨས་སྐྱོན་བཏང་ཡོད་པ་དང་། དེའི་རྗེས་བོད་དམག་ཚོས་ཕར་རྒོལ་བྱས་ནས་ཉུང་མཐའ་ཡང་རྒྱ་དམག་གྲངས་34~35་ཙམ་ཞིག་ཤི་རྨས་བཟོས་ཡོད་པ་”བཤད་བཞིན་འདུག།

    བོད་མི་ཁྲོད་ཁྱབ་བཞིན་པའི་གནས་ཚུལ་གཉིས་པ—-“2020-8-30ཉིན་ཧིན་བོད་ས་མཚམས་སུ་འབར་གས་བྱུང་ནས་རང་རེ་དྭང་ཞབས་བརྒྱ་ཤོག་བདུན་པའི་མེ་ཏོག་གཉིས་ཅན་གྱི་གོ་གནས་ཡོད་པ་ཞིག་གྲོངས་པ་དང་། རོགས་པ་ན་གཞོན་དམག་མི་ཞིག་ཀྱང་རྨས་སྐྱོན་ཆགས་ཡོད་”ཅེས་ཟེར་ནས་ཧ་ལམ་གཟབ་གཟབ་མ་བྱས་ནས་ཤི་སོང་བ་ལྟ་བུ་ཞིག་ཀྱང་བཤད་བཞིན་འདུག་པས་ང་ཚོས་དཔྱད་པ་ཞིག་བྱས་ན།

    རྒྱ་དཀར་ནག་གཉིས་ཀའི་ཕྱོགས་ནས་ཉིན་གཅིག་གཉིས་སྔོན་ལ་ཡང་བསྐྱར་མཐའ་མཚམས་ལ་གདོང་ཐུག་བྱུང་རབས་དང་། གཅིག་གིས་ཟེར་ན་གཞན་དེས་ས་མཚམས་ཚུར་དང་པོ་བརྒལ་ཡོད་རབས་དང་། གཅིག་གིས་ཟེར་ན་ཡང་གཞན་དེས་ས་མཚམས་བརྒལ་ཡོད་རབས་བཤད་འདུག་པས། འདི་ནས་ཤེས་ཐུབ་པ་ནི་གདོང་ཐུག་བྱུང་བ་དངོས་ཡོད་ཡིན་པ་ཤེས་ཐུབ། དེ་ཡང་དུས་ཚོད་ཀྱང་ཏག་ཏག་དེ་རང་ལ་ཆགས་ཡོད།

    དེས་ན་ང་ཚོས་ཚོད་དཔག་བྱེད་ཐུབ་པ་ནི་དང་པོ་རྒྱ་ནག་ཕྱོགས་ནས་ས་མཚམས་ཚུར་བརྒལ་ཡོད་པ་ནི་ཟླ་འགའི་སྔོན་ཀྱི་གནས་སྟངས་ལ་བལྟས་ན་དེ་སྔོན་རྒྱ་དམག་ཧམ་པ་ཚ་པོ་སླེབས་ཡོང་ས་དེ་དག་ད་ལྟ་རྒྱ་གར་ཀྱིས་ཟིན་ཡོད་པ་དང་། དེ་མ་ཟད་སྔ་མའི་རྒྱ་དཀར་ནག་འཛིང་ཐེངས་དེའི་ནང་རྒྱ་དམག་གྱོང་རགས་ཡོད་པ་ཡོངས་གྲགས་ཡིན་པས། ད་ཐེངས་ཁོ་ཚོས་མཁོན་ལན་སློག་པའང་དཔའ་རྟགས་བཞག་བསམ་པ་ནི་རྒྱ་ནག་ཕྱོགས་ལ་ཏན་ཏན་ཡོད་པས། རྒྱ་ནག་ཕྱོགས་ནས་ཚུར་རྒོལ་བྱས་པ་དང་ཚུར་དང་པོ་ས་མཚམས་བརྒལ་ཡོད་པར་ཚོད་དཔག་བྱེད་ཐུབ།

    དེས་ན་གོང་དུ་བཤད་པའི་གནས་ཚུལ་དེ་གཉིས་ལས་སྔ་མ་དེ་དང་ཏག་ཏག་ཨ་འགྲིག་ཆ་འགྲིག་བྱུང་ཡོད་པས། ང་ཚོས་ཐེ་ཚོམ་མེད་པར་རྒྱ་དམག་གིས་ཚུར་རྒོལ་འོག་བོད་དམག་འགའ་ཤི་ཡོད་པར་ཚོད་དཔག་ཐུབ་ངེས་རེད།

    ཡིན་ན་ཡང་རྒྱ་གར་གཞུང་འབྲེལ་གྱིས་ད་བར་དེ་ལ་གསལ་ཁ་གང་ཡང་མི་སྟོན་པ་དང་། ད་དུང་འབར་གས་བྱུང་ནས་གྲོངས་སོང་བའི་བསྔོ་སྨོན་གནང་རོགས་ཟེར་བའི་ཡི་གེ་ཞིག་ཀྱང་མི་དམངས་ཁྲོད་སྤེལ་ཡོང་སྟངས་ལ་བལྟས་ན། བ་ཉལ་སྟངས་ལ་བལྟས་ནས་བེའུ་གང་འདྲ་ཞིག་སྐྱེ་མིན་ཤེས་ཟེར་བ་ལྟར་ལགས་ན།

    འདས་པའི་ཀར་གྷེ་དམག་འཁྲུག་སྐབས་གཤེགས་པའི་བོད་དམག་ཚོ་དང་། སྐབས་དེའི་རྒྱལ་ཁ་ལེན་མཁན་གྱི་བོད་དམག་ཚོ་ལ་ལུགས་མཐུན་གྱི་གཟེངས་བསྟོད་དང་བྱ་དགའ་སྤྲད་མེད་པ་བཞིན། ཐེངས་འདིར་ཡང་རྒྱ་གར་གཞུང་གིས་ལུགས་མཐུན་ཞིག་གནང་རྩིས་མེད་པའི་རྣམ་འགྱུར་ཞིག་འདུག་པས། འདི་ནི་འདས་པའི་ཡུ་རོབ་དམག་འཁྲུག་དང་ཨ་རིའི་དམག་འཁྲུག་ནང་སྐྱབས་བཅོལ་བ་རྣམས་ལ་གཟེངས་བསྟོད་འདྲ་མཉམ་མ་ཐོབ་དང་། མཐའ་ན་ལོ་རྒྱུས་ཡིག་ཆའི་ནང་ལ་ཡང་སྟོང་པ་ལས་བྱས་རྗེས་བྲིས་མེད་པ་སོགས་གནས་ཚུལ་མང་པོ་འདི་དང་འདྲ་མཚུངས་བྱུང་མྱོང་ཡོད་ཅིང་། རིམ་བཞིན་དོ་སོའི་རྒྱལ་ཁབ་དེ་དག་རང་བཙན་ཐོབ་དུས་དཔའ་བོའི་གཟེངས་བསྟོད་དང་། ལོ་རྒྱུས་གསར་དུ་བྲིས་ནས་རྡོ་རིང་བཞེང་པའི་ལོ་རྒྱུས་མང་པོ་ཡོད། ཡིན་ན་ཡང་དེ་དག་ནི་དུས་རབས་ཅོ་བརྒྱད་དང་།བཅུ་དགུ།ཉི་ཤུ་བཅས་ཀྱི་གནས་ཚུལ་རེད།

    ད་ལྟ་དུས་རབས་ཉེ་གཅིག་ལ་ཡང་འདི་ལྟར་འབྱུང་བཞིན་པ་ནི་ཡིད་སེམས་ཕམ་དགོས་པ་ཞིག་ཅི་ལ་མིན།

    མི་རིགས་གཞན་གྱི་ལོ་རྒྱུས་ལས་ཤེས་ཡོང་བ་ནི། འདི་དག་རྩོད་ལེན་བྱེད་དགོས་པ་ལས་རྩོད་ལེན་མ་ཐུབ་ན་ཁྱོད་ལ་སུས་ཀྱང་ང་ཚོ་ནོར་ཤག་ཟེར་ནས་ཚུར་གཟེངས་བསྟོད་དང་ལོ་རྒྱུས་བྲི་མཁན་ཡོང་མི་སྲིད་པས། ཆབ་སྲིད་ཀྱི་གནས་སྟངས་དང་ཕྱོགས མང་པོ་ཞིག་ནས་རང་གཞུང་ངོས་ནས་ཐད་ཀར་བཤད་མ་བདེ་ན་ཡང་། བཙན་བྱོལ་བ་མི་སྒེར་དང་རྩོམ་པ་པོ་ཚོས་ཞིབ་འཇུག་རང་བཞིན་གྱིས་དངོས་བྱུང་གི་གནས་ཚུལ་རྣམས་རྒྱ་གར་མི་དམངས་དང་འཛམ་གླིང་གི་མི་དམངས་ཀྱི་མིག་མདུན་ལ་གསལ་པོ་བཤམ་ཐུབ་དགོས་ངེས་རེད།