རྒྱ་གར་གྱི་སྲིད་འཛིན་ཟུར་པ་མཆོག་སྐུ་གྲོངས་བར་ཐུགས་གསོ་མཛད།

རྒྱ་གར་གྱི་སྲིད་འཛིན་ཟུར་པ་པུར་ནཱབ་མཱོ་ཁར་རྗེ་མཆོག་སྐུ་གྲོངས་བར་༧གོང་ས་མཆོག་གི་དབུས་པའི་སྲིད་སྐྱོང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ནས་ཐུགས་གསོ་ཞུས་གནང་འདུགཁ་སང་ཕྱི་ཚེས་ ༡ ཉིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་པུར་ནཱབ་མཱོ་ཁར་རྗེ་(Pranab Mukherjee)ལགས་སྐུ་གྲོངས་བར་ཁོང་གི་བུ་ཨ་བྷེ་ཇི་ཊི་མཱོ་ཁར་རྗེ་(Abhijeet Mukherjee)ལགས་ཀྱི་མཚན་ཐོག་ལ། སྲིད་འཛིན་ཟུར་པ་ཁོང་འདས་གྲོངས་སུ་སོང་བར་བློ་ཕམ་དང་། དམ་པ་ཁོང་ལ་ཐུགས་སྨོན་གནང་བའི་གསུང་འཕྲིན་ཞིག་བསྩལ་གནང་འདུག

གསུང་འཕྲིན་དེའི་ནང་། སྐུ་ཉིད་ཀྱི་ཡབ་སྐུ་གྲོངས་བར་ངོས་རང་བློ་ཕམ་བྱུང་། ངོས་ཀྱིས་དམ་པ་ཁོང་ལ་ཐུགས་སྨོན་དང་སྐུ་ཉིད་ནང་མི་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་ཡིན་ལ། སྐུ་ཞབས་པུར་ནཱབ་མཱོ་ཁར་རྗེ་མཆོག་གིས་འདས་པའི་ལོ་མང་རིང་། རྒྱ་གར་མི་མང་ལ་ཞབས་འདེགས་ཞུས་ཏེ། རྗེས་སུ་རླབས་ཆེ་བའི་རྒྱལ་ཁབ་འདིའི་སྲིད་འཛིན་ཀྱི་ཞབས་འདེགས་ཞུ་རྒྱུ་བྱུང་ཡོད་པ་རེད། ཅེས་གསུངས་འདུག

དེ་བཞིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འདས་པའི་དུས་ཚོད་ནང་། དམ་པ་ཁོང་དང་ལྷན་དུ་མཛད་སྒོ་ཁག་འདྲ་མིན་ནང་མཇལ་འཕྲད་གནང་རྒྱུ་བྱུང་བ་ཐུགས་དྲན་གསོས་པ་དང་འབྲེལ། དམ་པ་ཁོང་གིས་སྐུ་ཚེ་ཧྲིལ་པོའི་རིང་གཞན་དོན་སླད་ཕྱག་ལས་གནང་བར་བརྟེན། ཁོང་ཉིད་ཀྱི་མི་ཚེ་དོན་དང་ལྡན་པ་བསྐྱལ་ཡོད་པས་ང་ཚོས་དགའ་བ་སྒོམ་ཆོག་སྐོར་གསུངས་འདུག

ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་རྣམ་གཉིས་ནས་ཐུགས་གསོའི་གསུང་འཕྲིན་བསྩལ་བའི་ནང་། སྲིད་སྐྱོང་མཆོག་གིས་སྲིད་འཛིན་ཟུར་པ་པུར་ནཱབ་མཱོ་ཁར་རྗེ་ཡི་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་གོས་ཐོས་བྱུང་བས་བློ་ཕམ་བྱུང་། ངས་བོད་མི་ཡོངས་དང་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་རྒྱ་གར་གཞུང་དང་། མི་མང་། དེ་བཞིན་སྲིད་འཛིན་ཟུར་པ་མཆོག་གི་ནང་མི་བཅས་ལ་སྙིང་ཐག་པ་ནས་ཐུགས་གསོ་ཞུ་རྒྱུ་ཡིན་ཞེས་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་ས་ཚོགས་གཙོ་མཆོག་གི་ཐུགས་གསོའི་གསུང་འཕྲིན་ནང་། དམ་པ་ཁོང་གི་སྐུ་ཚེ་མ་ཟིན་པར་བློ་ཕམ་ཆེན་པོ་བྱུང་། དམ་པ་ཁོང་ནི་དེ་སྔ་ཕྱི་ལོ་ ༢༠༡༦ ལོར་རྒྱ་ནག་གཞུང་གིས་ངོ་རྒོལ་བྱས་མིན་ལ་མ་ལྟོས་པར། འཛམ་གླིང་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་རྣམས་དང་ལྷན་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྲིད་འཛིན་གྱི་ཕོ་བྲང་དུ་གདན་ཞུས་མཇལ་འཕྲད་གནང་བ་དང་། བོད་དོན་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་བ་སོགས་བྱུང་ཡོད་སྐོར་གསུངས་འདུག

པུར་ནཱབ་མཱོ་ཁར་རྗེ་ལགས་ནི་རྒྱ་གར་གྱི་སྲིད་འཛིན་སྐབས་ ༡༣ པ་དང་། འདི་ལོ་དགུང་ལོ་ ༨༤ ཡིན་པ་དང་། ཁོང་ལ་ཟླ་གཅིག་ཙམ་གོང་ནས་ཏོག་དབྱིབས་གཉན་རིམས་ཕོག་རྐྱེན། ན་ཚ་གཞན་མང་པོ་ཞིག་ཇེ་སྡུག་ཏུ་ཕྱིན་ཏེ་ཀླད་པ་གཤག་བཅོས་ཀྱིས་ཀླད་ཁྲག་གཙང་སེལ་སོགས་བྱ་དགོས་བྱུང་ཡོད་ཀྱང་། ཕྱི་ཟླ་ ༨ ཚེས་ ༣༡ ཉིན་གྱི་ཕྱི་དྲོར་རྒྱ་གར་རྒྱལ་ས་ལྡི་ལིའི་སྐམ་དམག་སྨན་ཁང་ནང་དུ་སྐུ་གྲོངས་ཡོད་པ་རེད།

ཁོང་འདས་གྲོངས་སུ་སོང་རྗེས་རྒྱལ་སྤྱི་དང་རྒྱལ་གར་གྱི་མཐོ་རིམ་མགོ་འཁྲིད་དང་། སྲིད་དོན་པ་མང་པོས་ཐུགས་གསོ་གནང་ཡོད་པ་དང་། རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་གིས་སྒེར་གྱི་ཊེ་ཊིར་སྤྱི་ཚོགས་དྲ་ལམ་བརྒྱུད། སྲིད་འཛིན་ཟུར་པ་ཁོང་ནི་རླབས་ཆེ་བའི་སྲིད་དོན་མྱོང་རྒྱུས་ཅན་ཞིག་དང་། ཁོང་གིས་རྒྱལ་ཁབ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁྲོད་གསུབ་ཐབས་བྲལ་བའི་ལེགས་སྐྱེས་ཕུལ་ཡོད་པ་མ་ཟད། ཕུལ་དུ་བྱུང་བའི་མཁས་དབང་ཞིག་དང་རྒྱ་གར་མི་མང་གིས་གུས་བརྩི་བླ་མེད་ཞུ་ཡུལ་ཞིག་ཆགས་ཡོད་སྐོར་གསུངས་འདུག

སྲིད་འཛིན་ཟུར་པ་ཁོང་འདས་གྲོངས་སུ་སོང་བར་དུས་ཡུན་བདུན་ཕྲག་གཅིག་རིང་རྒྱ་གར་རྒྱལ་ཡོངས་གཞུང་འབྲེལ་ངོས་ནས་མྱ་ངན་གུས་འདུད་ཞུ་ཡི་ཡོད་པ་དང་། དུས་ཡུན་དེའི་རིང་གཞུང་འབྲེལ་ལས་ཁུངས་ཁག་གིས་རྒྱལ་དར་ཕྱེད་མར་ཕབ་ནས་གཞུང་འབྲེལ་གྱི་གལ་ཆེའི་བྱེད་སྒོ་ཁག་མི་གཉེར་རྒྱུ་བྱས་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༩/༠༢

Leave a Reply