དོན་ཟུར་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་སྲིད་སྐྱོང་འོས་མིར་ལངས་བ་ཡོངས་བསྒྲཊ་གནང་།

དོན་ཟུར་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཀྱིས་ཁོང་ལ་སྲིད་སྐྱོང་གི་འོས་འཐོབ་ཚེ་དབུས་བོད་མིའི་སྒྲིག་འཛུགས་དེང་རབས་ཅན་དུ་བསྒྱུར་རྒྱུ་དང་ཤེས་ཡོན་ལེགས་བཅོས་སོགས་དོན་ཚན་ཆེན་པོ་ལྔ་ཡི་ཐོག་ཤུགས་སྣོན་གནང་རྒྱུ་ཡིན་སྐོར་བསྒྲགས།

དེ་རིང་སྔ་དྲོར་བོད་ཀྱི་དམངས་གཙོའི་དུས་ཆེན་ཐེངས་ ༦༠ པའི་ཉིན་མོ་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་ཟུར་པ་དང་། དོན་ཟུར་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ནས་ཁོང་ཕྱི་ལྱོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མིར་ལངས་བའི་གསལ་བསྒྲགས་གནང་སོང་བ་དང་། ཁོང་གི་བསྒྲགས་གཏམ་ནང་། ཧ་ཅང་གལ་གནད་ཆེ་བའི་དུས་སྐབས་འདིར་རང་ཉིད་ལ་དབུས་བོད་མིའི་སྒྲིག་འཛུགས་དང་བོད་མིའི་སྤྱི་ཚོགས་ཧྲིལ་པོའི་སྣེ་འཁྲིད་དེ་མདུན་སྐྱོད་ཐུབ་པའི་དམིགས་ཡུལ་དང་འཆར་གཞི་གསལ་བོ་ཡོད་པས་ཡིན་པ་དང་། ཁོང་གི་འོས་བསྡུའི་ལས་རིམ་འདིའི་ཁྲོད་དུ་བོད་མི་ཡོངས་ནས་རྒྱལ་ཁབ་གཅིག་དང་མི་རིགས་གཅིག འཐབ་རྩོད་གཅིག་གི་ངོ་བོ་བརྟན་པོར་བསྲུང་སྟེ་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་ཡོང་བར་ནུས་ཤུགས་འདོན་ངེས་ཡིན་ལ། སྲིད་སྐྱོང་གི་ལས་ཡུན་རིང་རང་ངོས་ནས་ཆབ་སྲིད་དང་རིག་གཞུང་། དཔལ་འབྱོར་བཅས་རྒྱུན་གནས་གོང་འཕེལ་ཡོང་ཐབས་སུ་ཤུགས་སྣོན་རྒྱག་ངེས་ཡིན་ལ། ད་ལྟའི་བཀའ་ཤག་གི་ལས་དོན་རྣམས་ཚུལ་བཞིན་རྒྱུན་སྐྱོང་དང་ལྔ་དང་ལྔ་བཅུའི་འཆར་སྣང་གལ་གནད་ཆེ་བར་བརྩིས་ནས་གནས་རིམ་གང་ཅིའི་ཐད་ལ་གཞོན་སྐྱེས་ཚོ་མཉམ་ཞུགས་དང་ལས་འགན་ཇེ་ཆེར་གཏོང་རྒྱུ་བཅས་ཡིན་སྐོར་བརྗོད་འདུག

དེ་བཞིན་ཁོང་གི་སྒེར་གྱི་དྲ་རྒྱའི་ནང་སྤེལ་བའི་བསྒྲགས་གཏམ་ནང་། གུས་པས་ལོ་ངོ་ཉེར་གསུམ་ལྷག་གི་རིང་བོད་མིའི་རང་དབང་འཐབ་རྩོད་དང་སྤྱི་ཚོགས་ཡར་རྒྱས་ཆེད་ལས་ཀ་བྱས་པ་ཡིན། ལྷག་པར་དུ་ཕྱི་ལོ་ ༢༠༡༡ ནས་ ༢༠༢༠ བར་དབུས་བོད་མིའི་སྒྲིག་འཛུགས་ནང་དུ་ཞབས་ཞུ་ཞུས་པ་ཡིན། ཐོག་མར་དཔལ་ལྡན་སྲིད་སྐྱོང་མཆོག་གི་དམིགས་བསལ་སློབ་སྟོན་པ་དང། དེ་ནས་བྱང་ཨ་རིའི་༧གོང་ས་མཆོག་གི་སྐུ་ཚབ་དོན་གཅོད། དེའི་རྗེས་སུ་དཔལ་འབྱོར་ལས་ཁུངས་ནང་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་བྱས་པ་བཅས་གལ་གནད་ཆེ་བའི་ལས་གནས་ཁག་གསུམ་གྱི་ནང་དུ་དབུས་བོད་མིའི་སྒྲིག་འཛུགས་ལ་ཞབས་ཞུ་སྒྲུབ་རྒྱུའི་གོ་སྐབས་ཐོབ་བྱུང་། ཞབས་ཞུའི་གོ་སྐབས་དེ་དག་བརྒྱུད་ངས་བོད་ཀྱི་རང་དབང་འཐབ་རྩོད་དང་བོད་མིའི་སྤྱི་ཚོགས་གཉིས་ཀྱིས་གདོང་ལེན་བྱེད་དགོས་པའི་དཀའ་གནད་ཁག་དང་ང་ཚོའི་དགོས་མཁོ་ཅི་ཡིན། ང་ཚོ་ལ་གོ་སྐབས་ཅི་ཡོད། ལྷག་པར་དུ་བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་གི་འོས་འགན་སོགས་གསལ་ཞིང་རྒྱས་པ་ཤེས་རྟོགས་བྱུང་ཡོད་པ་དང་། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་པ་རྒྱང་གཟིགས་ཀྱིས་ ༢༠༡༡ ལོ་ནས་སྲིད་དབང་ཆ་ཚང་མང་གཙོའི་ལམ་ནས་འདེམས་ཐོན་བྱུང་བའི་དབུ་ཁྲིད་ལ་བསྩལ་བའི་བཀའ་དྲིན་བསྐྱངས་གནང་མཛད་པར་བརྟེན་དབུས་བོད་མིའི་སྒྲིག་འཛུགས་ལ་འོས་འགན་ཤིན་ཏུ་ཆེན་པོ་ཡོད། ཅེས་བཀོད་འདུག

ཡང་གསལ་བསྒྲགས་ནང་། ཁོང་ལ་མ་འོངས་པར་སྲིད་སྐྱོང་གི་འོས་ཐོབ་པ་ཡིན་ན། བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་གོང་མཐོར་གཏོང་རྒྱུ་དང་། དབུས་བོད་མིའི་སྒྲིག་འཛུགས་དེང་རབས་ཅན་དུ་བསྒྱུར་རྒྱུ། ཤེས་ཡོན་ལེགས་བཅོས། བོད་ཀྱི་སྐད་ཡིག་དང་རིག་གཞུང་རྒྱུན་འཛིན་དར་སྤེལ། དཔལ་འབྱོར་སྲ་བརྟན་དང་གོང་སྤེལ་བཅས་གནད་དོན་ཆེན་པོ་ལྔ་ཡི་སྒང་ལ་ཤུགས་སྣོན་བྱ་རྒྱུ་ཡིན་པ་དང་། གོང་གསལ་གྱི་ལས་གཞི་ཁག་ནི་གཅིག་ལ་གཅིག་རྟེན་ཡིན་པས། དེ་དག་འགྲུབ་ཐབས་སུ་དབུས་བོད་མིའི་སྒྲིག་འཛུགས་ནང་མི་རབས་གསར་པའི་མཉམ་ཞུགས་གནང་རྒྱུར་འབད་པ་ལྷག་ཏུ་བྱེད་དགོས་པ་མ་ཟད། ལོ་ན་ཆུང་བའི་གཞོན་སྐྱེས་ཤིག་བཀའ་བློན་གང་རུང་ཞིག་ལ་བསྐོ་བཞག་བྱ་རྒྱུ་དང་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་འོག་ཏུ་ན་གཞོན་སྡེ་ཚན་ཞིག་གསར་འཛུགས་ཐོག་དེའི་འགན་འཛིན་དུ་དྲུང་ཆེའི་གནས་རིམ་དང་མཉམ་པའི་ན་གཞོན་ཞིག་བདམ་རྒྱུ། ལོ་ལྟར་དབྱར་ཀར་རྒྱལ་སྤྱིའི་ན་གཞོན་འགོ་ཁྲིད་ཀྱི་ལས་གཞི་ཞིག་སྤེལ་བ་བརྒྱུད་མི་རབས་གསར་པའི་འགོ་ཁྲིད་གསོ་སྐྱོང་བྱ་རྒྱུ་དང། དེ་བཞིན་ལྔ་དང་ལྔ་བཅུའི་འཆར་སྣང་འོག་ན་གཞོན་གྱི་སྐུ་ཚབ་ལས་གཞིའི་ (Youth Ambassador Program) ནུས་ཤུགས་ཆེ་རུ་བཏང་ནས་ན་གཞོན་རྣམས་ཀྱིས་བོད་ཀྱི་སྐུ་ཚབ་མཚོན་ཐུབ་པ་མ་ཟད་བོད་ཀྱི་འཐབ་རྩོད་རྒྱལ་སྤྱིའི་སྡིངས་ཆའི་ཐོག་འཁྱེར་ཐུབ་པ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ཞེས་བཀོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༩/༠༢

Leave a Reply

One thought on “དོན་ཟུར་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་སྲིད་སྐྱོང་འོས་མིར་ལངས་བ་ཡོངས་བསྒྲཊ་གནང་།

  1. གཞུང་པ་ཚེ་དབང་བསོད་ནམས།

    མི་མང་ནས་སྔོན་འགྲོའི་འོས་བསྡུ་མ་གནང་སྔོན་དུ་སྲིད་སྐྱོང་གི་འོས་མིར་ལངས་རྒྱུ་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་སོགས་ཀྱི་དོན་ཚན་གང་གི་འོག་ཏུ་འགན་ཁུར་ནས་སྲིད་སྐྱོང་གི་འོས་མིར་ལངས་པ་ཡིན་དོ་བདག་སྲིད་སྐྱོང་ལ་ལངས་མཁན་དང་དབུས་འོས་བསྡུ་ལས་ཁང་བཅས་ནས་འོས་འཕེན་རྒྱ་ཆེ་མི་མང་ལ་གསལ་བཤད་ཕེབས་དགོས་པ་དེ་མང་གཙོ་དང་དྲང་བདེན་ཁྲིམས་ཀྱི་དབང་བསྒྱུར་ཟེར་བའི་གོ་དོན་ངོ་མ་དེ་མིན་པ་ཡིན་ནམ?