བོད་མིའི་དམངས་གཙོ་དབུ་བརྙེས་ཏེ་མི་ལོ་ ༦༠ འཁོར་བའི་དུས་ཆེན་སྲུང་གཙི་གནང་།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་རླབས་ཆེན་གྱི་དབུ་ཁྲིད་འོག་བོད་མིའི་དམངས་གཙོ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༦༠ འཁོར་བའི་དུས་ཆེན་སྲུང་གཙི་ཞུས།དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ ཐོག་གངས་ཅན་སྐྱིད་གཤོངས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག་བོད་མིའི་དམངས་གཙོ་དབུ་བརྙེས་པའི་དུས་ཆེན་ཐེངས་ ༦༠ པ་སྲུང་གཙི་གནང་སོང་བ་དང་། མཛད་སྒོའི་ཐོག་ཉེ་སྔོན་རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་པུར་ནཱབ་མཱོ་ཁར་རྗི་ (Pranab Mukherjee) མཆོག་སྐུ་གྲོངས་བར་གདུང་སེམས་མཉམ་སྐྱེད་མཚོན་སླད། དུས་ཆེན་གྱི་འཆར་ཅན་རྐང་བྲོ་གླུ་གཞས་ཀྱི་ལས་རིམ་མེད་པར་བཟོས་ཏེ། དམ་པ་ཁོང་གི་ཆེད་དུ་སྐར་མ་གཅིག་རིང་ངག་བཅད་ཀྱིས་མྱ་ངན་དང་གུས་འདུད་ཞུས་སོང་།

མཛད་སྒོའི་ཐོག་ཕྱི་ལོ་ ༢༠༢༠ ལོའི་སྲིད་སྐྱོང་སློབ་ཡོན་དང་དགའ་ལྡན་ཕོ་བྲང་གི་སློབ་ཡོན་ཐོབ་མཁན་གྱི་སློབ་ཕྲུག་རྣམས་ལ་ཕྱག་འཁྱེར་གནང་བ་དང་། བོད་ཀྱི་ཟློས་གར་ཚོགས་པའི་དབྱར་སྐྱིད་ཕྱི་ལོ་ ༢༠༢༠ ལོའི་བརྙན་སྡེར་དབུ་འབྱེད། འདི་ལོའི་རིགས་གཅིག་རྐང་འཛིན་ཆེད་བསྟོད་བཞེས་མཁན་འབུམ་རམས་པ་སྐལ་བཟང་དབང་འདུས་ལགས་དང་འབུམ་རམས་པ་འཇིགས་མེད་དབང་ཕྱུག་ལགས་གཉིས་གྱི་མཚན་གཞུང་སྙན་སྒྲོན་གནང་སོང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཞབས་ལོ་ ༢༥ ཡན་འཁོར་བའི་ཚེ་རིང་དབྱངས་སྐྱིད་ལགས་དང་། ན་གཞོན་ནུས་སྤེལ་ལས་གཞིའི་གཟེངས་བསྟོད་ཐོབ་མཁན་མོན་གྷོ་འདོད་རྒུ་གླིང་དུ་གནས་སྡོད་བོད་མི་བསོད་ནམས་སྟོབས་རྒྱལ་ལགས་དང་། དྷ་སར་གནས་སྡོད་བོད་མི་བསྟན་འཛིན་རབ་རྒྱས་ལགས་གཉིས་ལ་ལེགས་གསོལ་ཕྱག་ཁྱེར་གནང་སོང་བ་དང་། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་དང་སྦེལ་ཇམ་སྐུ་ཚབ་དོན་གཅོད་ལས་ཁུངས་གཉིས་ཟུང་འབྲེལ་ཐོག ༧གོང་ས་མཆོག་ནས་ཡུ་རོབ་མཉམ་འབྲེལ་གྱི་མཉམ་རུབ་ཀྱི་འདུ་ཤེས་ལ་ཡིད་སྨོན་གྱི་བཀའ་སློབ་ཕྱོགས་སྒྲིག་ཞུས་པ་ཞིག་སྒྲིག་སྦྱོར་གནང་བའི་བརྙན་ཐུང་ཞིག་དང་། ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱིས་༧གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་དང་འབྲེལ་ནས་བཟོ་སྐྲུན་ཞུས་པའི་བརྙན་ཐུང་ཞིག་བཅས་གཟིགས་འབུལ་ཞུས་སོང་།མཛད་སྒོའི་སྐབས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་སྒྲོག་སྦྱངས་གནང་བའི་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་ནང་། ཉེ་ལམ་ཕྱི་ཟླ་ ༨ ཚེས་ ༢༨ ནས་ ༢༩ བར་པེ་ཅིང་དུ་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ ༧ པ་ཟེར་བ་ཚོགས་ཏེ། ཞི་ཅིང་ཕིང་སོགས་རྒྱ་ནག་གི་འགོ་འཁྲིད་མཐོ་གྲས་རྣམས་དང༌། བོད་རང་སྐྱོང་ལྗོངས་ཟེར་བ་སོགས་རྒྱ་ནག་གིས་བོད་ས་དུམ་བུར་བགོས་པའི་བོད་ཁུལ་གྱི་འགོ་འཁྲིད་མཐོ་གྲས་རྣམས་མཉམ་ཞུགས་བྱས་ཏེ། ཚོགས་འདུ་དེ་ལ་བརྟེན་ནས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དམ་དྲག་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་འགྱུར་བ་གང་ཡང་གཏོང་རྩིས་མེད་པ་མ་ཟད། བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་དང༌། རིག་གནས་ལ་བསྒྱུར་བཅོས། ནང་བསྟན་ཆོས་ལུགས་ལ་བསྲེ་ལྷད་བྱ་རྒྱུ་བཅས་ཀྱི་སྐོར་དྲིལ་བསྒྲགས་རྒྱ་ཆེ་རུ་གཏོང་འཆར་གྱི་རྣམ་པ་མངོན་བཞིན་པར་བརྟེན་ཚོགས་འདུ་དེ་རིགས་ནི་རྒྱལ་སྤྱིའི་སྤྱི་ ཚོགས་ཁྲོད་རྣམ་པ་སྟོན་བྱེད་ཙམ་དང་། བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་རྒྱུའི་ལག་ཆ་ཞིག་ཏུ་གྱུར་ཡོད་པ་མངོན་གསལ་ཡིན་སྐོར་བཀོད་འདུག

ཡང་མང་གཙོའི་ལམ་ལུགས་ངོམས་སུ་ཆོག་པ་དེ་དངོས་སུ་ལག་ལེན་དུ་བསྟར་སྐབས་རང་རྒྱལ་གཞན་ཕམ་གྱི་བསམ་བློ་དེ་ངེས་པར་དོར་དགོས་པ་ཡིན། ལྷག་པར་དུ་ཕྱི་ལོ་ ༢༠༢༡ ལོའི་ནང་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་སྐབས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གསལ་བའི་བོད་ཀྱི་ཡུལ་མི་རྣམས་ཀྱིས་མང་གཙོའི་འགན་དབང་ལོངས་སྤྱོད་ཚད་ལྡན་ཡོང་ཐབས་སུ། ཆོལ་ཁ་ཆོས་བརྒྱུད་ནང་ཁུལ་མཐུན་སྒྲིལ་ལ་དོ་ཕོག་འགྲོ་གཞི་དང་། ༧གོང་ས་མཆོག་གི་ཐུགས་དགོངས་འཁྲུག་གཞི། དེ་བཞིན་གཞིས་བཞུགས་བོད་མི་རྣམས་ཀྱི་སྙིང་སྟོབས་ཉམས་དམས་སུ་འགྲོ་གཞི་བཅས་ཀྱི་བྱ་བ་བརྩམ་མི་རུང་བས་ཚང་མས་བླང་དོར་འགལ་འཛོལ་མེད་པ་དགོས་གལ། ལྷག་པར་དུ་༧རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་དབུ་འཁྲིད་བཟང་པོའི་འོག་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་། ཆོལ་གསུམ་ཡོངས་རྫོགས་སྐྱིད་ན་སྐྱིད་མཉམ་དང་། སྡུག་ན་སྡུག་མཉམ་གྱི་རྡོག་རྩ་གཅིག་ཏུ་བསྒྲིལ་བའི་གོང་བུའི་ནུས་པ་དེར་གཏོར་བཤིག་གཏོང་རྒྱུར་དམིགས་ཏེ་ཆེད་གཉེར་ལས་འགན་ཡོད་མཁན་ཉུང་ཤས་ཡོད་པ་དེ་དག་ལ་ཁ་གཏད་གཅོག་རྒྱུ་དང་། དེ་རིགས་ཀྱི་ལྷན་དུ་བསམ་མེད་བོད་མི་འགའ་ཤས་མགོ་སྐོར་བསླུ་བྲིད་འོག་སྐབས་རེར་ཚུད་ཉེན་ཆེ་བས་དོགས་ཟོན་ཆེར་བསྐྱེད་ཀྱིས་ཡིད་གཟབ་བྱ་རྒྱུ་ཚང་མར་འོས་འགན་ཡོད་པ་ལྟར་བསམ་ཤེས་ངེས་གནང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། ཅེས་བཀོད་འདུག

དེ་བཞིན་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བསྒྲགས་ཡིག་ནང་། རྒྱ་ནག་གཞུང་གིས་བོད་ལ་ཁ་ཞེ་གཉིས་མེད་ཀྱི་ལས་དོན་ཡག་པོ་སྒྲུབ་འདོད་ཡོད་ན། བོད་མི་རྣམས་ཉིན་མཚན་ལྟོས་མེད་ཞེད་སྣང་ངང་གནས་དགོས་པའི་ཐལ་ཆེ་བའི་གཅིག་སྡུད་རིང་ལུགས་ཀྱི་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་པ་མ་ཟད། ཞི་ཅིན་ཕིང་གིས་བོད་མིར་གདུག་རྩུབ་མནར་གཅོད་གཏོང་རྒྱུའི་བསམ་བློ་དོར་དགོས་པ་དང་། གཞིས་བཞུགས་བོད་མི་མང་གི་བསམ་ཚུལ་ལ་ངེས་པར་དུ་དང་ལེན་བྱེད་དགོས་ཅིང་། ༧གོང་ས་མཆོག་གི་སྐུ་ཚབ་བརྒྱུད་རྒྱ་ནག་གཞུང་ལ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཕུལ་བ་བཞིན་དབུ་མའི་ལམ་བརྒྱུད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་ཞི་བའི་གྲོས་མོལ་གང་མགྱོགས་འགོ་འཛུགས་གནང་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན། ཅེས་བཀོད་འདུགཡང་བསྒྲགས་ཡིག་དེའི་ནང་། ཉེ་ལམ་དབུས་འོས་བསྡུ་ལས་ཁང་ནས་སྲིད་སྐྱོང་དང༌། སྐབས་བཅུ་བདུན་པའི་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོའི་ལས་དོན་འགོ་འཛུགས་གསལ་བསྒྲགས་གནང་ཟིན་པ་ལྟར། འཛམ་གླིང་གང་སར་གནས་པའི་བོད་རིགས་ཡོངས་ཀྱིས་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་གཉིས་ཀར་ཆ་ཤས་ལེན་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན་སྟབས། འོས་བསྡུ་དང་འབྲེལ་བའི་ལམ་སྟོན་གནང་བ་ཁག་ལ་ཐུགས་སྣང་དགོས་པ་མ་ཟད། འདས་པའི་ཉམས་མྱོང་གཞི་ལ་བཞག་ནས་སོ་སོའི་འོས་ཤོག་དེ་རྣམ་དཔྱོད་ལྡན་པའི་ངང་ནས་བོད་མིའི་འགོ་འཁྲིད་གནང་ཐུབ་པའི་སྲིད་སྐྱོང་དང་། བོད་མིའི་ངོ་ཚབ་མཚོན་པའི་སྤྱི་འཐུས་རྣམས་འཕྱུགས་པ་མེད་པར་བདམ་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད་སྐོར་དང་། སྤྱི་ཚོགས་དྲྭ་ལམ་བེད་སྤྱོད་ལོག་པར་བཏང་ནས་འཆལ་གཏམ་དང་དཀྲུག་ཤིང་སོགས་བོད་མིའི་ཆིག་སྒྲིལ་ལ་གནོད་པའི་བྱེད་བབ་རིགས་ཀྱི་མགོ་སྐོར་འོག་ལ་མ་ཚུད་པར་ཡིད་གཟབ་གནང་རྒྱུ་གལ་ཆེན་པོ་ཡིན་ཡིན་སྐོར་སོགས་བཀོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༩/༠༢

Leave a Reply

One thought on “བོད་མིའི་དམངས་གཙོ་དབུ་བརྙེས་ཏེ་མི་ལོ་ ༦༠ འཁོར་བའི་དུས་ཆེན་སྲུང་གཙི་གནང་།

  1. གཞུང་པ་ཚེ་དབང་བསོད་ནམས

    ཧཧཧ བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་མང་གཙོ་ ( DEMOCRACY ) ལས་དམངས་གཙོ་ ( PROLETARIAN ) འཁོད་མེད་ན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་སྒྲུབ་པ་ལ་ངོས་འཛིན་ཞུས་ན་འགྲིག་གི་ཡོད་པ་ཡིན་ནམ?