རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱི་ཡུ་རོབ་སྐོར་སྐྱོད་ལ་གྲུབ་འབྲས་དེ་ཙམ་ཐོན་མི་འདུག

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལ་ཧོང་ཀོང་གི་ཁྲིམས་གསར་ཕྱིར་འཐེན་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྟོག་ཞིབ་ཚོགས་ཆུང་ཞིག་ཤིན་ཅང་ཁུལ་དུ་ལྟ་ཞིབ་ཆེད་གཏོང་དགོས་པའི་དགོས་འདུན་བཏོན། རྒྱལ་སྤྱིའི་གསར་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཕྱི་ཚེས་ ༡ ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡས་ཀྱི་ཡུ་རོབ་རྒྱལ་ཁབ་ལྔའི་གཞུང་འབྲེལ་སྐོར་བསྐྱོད་དེ་འཇར་མན་ནང་མཇུག་བསྒྲིལ་ཡོད་ཅིང་། མཇུག་བསྡོམས་གསར་འགོད་གསལ་བསྒྲགས་སྟེང་ཡུལ་དེའི་ཕྱི་སྲིད་བློན་ཆེན་ཧེ་ཀོ་མཱ་སི་ (Heiko Maas) ལགས་ཀྱིས།  རྒྱ་ནག་གཞུང་ངོས་ནས་ཧོང་ཀོང་ནང་ལག་བསྟར་བྱེད་བཞིན་པའི་རྒྱལ་ཁབ་བདེ་འཇགས་ཁྲིམས་ཡིག་དེ་ཕྱིར་འཐེན་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྟོག་ཞིབ་ཚོགས་ཆུང་ཞིག་ལ་ཤིན་ཅང་ཁུལ་དུ་ལྟ་ཞིབ་བྱ་རྒྱུའི་ཆོག་མཆན་སྤྲོད་དགོས་པའི་རེ་འདུན་བཏོན་ཡོད་འདུག

གསར་འགོད་གསལ་བསྒྲགས་སྟེང་ཧེ་ཀོ་མཱ་སི་ལགས་ཀྱིས་ཝང་ཡས་ལ་གདོང་གཏད་དེ། ཁྱེད་ཀྱིས་ཤེས་གསལ་ལྟར། ང་ཚོས་རྒྱལ་ཁབ་བདེ་འཇགས་ཁྲིམས་ཡིག་གི་ཤུགས་རྐྱེན་ལ་བློ་འཚབ་བྱེད་པ་ཡལ་མེད། ང་ཚོས་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་བྱུས་དེ་ཡོངས་སུ་ལག་བསྟར་ཐུབ་རྒྱུའི་འདོད་པ་བྱེད་ཀྱི་ཡོད་སྐོར་དང་། ཧོང་ཀོང་གི་གྲོས་ཚོགས་འཐུས་མིའི་འོས་བསྡུ་དེ་བར་ཆད་མེད་པར་གང་མགྱོགས་བསྡུ་ཐུབ་ན་འདོད་ཀྱི་ཡོད་ཅེས་བརྗོད་འདུག་ལ། དེ་བཞིན་ཁོང་གིས་ཝང་ཡི་དང་གྲོས་མོལ་བྱེད་རིང་རྒྱ་ནག་གཞུང་གིས་ཤིན་ཅང་ཁུལ་དུ་བཙུགས་པའི་སློབ་གསོ་བཅོས་བསྒྱུར་ཁང་གི་སྐོར་ལ་གླེང་མོལ་གནང་ཡོད་པ་དང་། རྒྱ་ནག་ངོས་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྟོག་ཞིབ་པར་ཁུལ་དེར་ལྟ་ཞིབ་བྱ་རྒྱུའི་ཆོག་མཆན་སྤྲད་ཚེ། དེར་དགའ་བསུ་ཞུ་རྒྱུ་ཡིན་སྐོར་ཡང་བརྗོད་ཡོད་འདུག གནད་དོན་དེར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡས་ཀྱིས།  ཧོང་ཀོང་ཡིན་ན་འདྲ། ཤིན་ཅང་ཡིན་ནའང་འདྲ། གཉིས་ཀ་རྒྱ་ནག་གི་ནང་སྲིད་ཀྱི་གནད་དོན་ཞིག་ཡིན་པས། ཕྱིའི་རྒྱལ་ཁབ་སུ་འདྲ་ཞིག་གིས་ཀྱང་རྒྱ་ནག་གི་སྤྱི་ཚོགས་ལ་ཐེ་བྱུས་བྱས་ན་འདོད་ཀྱི་མེད། ཅེས་བརྗོད་འདུག

ཁེ་ཉིན་ཕྱི་ཚེས་ ༣༡ ཉིན་རྒྱ་ནག་གི་གནོན་ཤུགས་ལ་འཛེམ་མེད་ཀྱིས། ཡུ་རོབ་མཐུན་ཚོགས་ཀྱི་ཁོངས་གཏོགས་ཅེག་སྤྱི་མཐུན་རྒྱལ་ཁབ་ (Czech Republic) ཀྱི་གྲོས་ཚོགས་གོང་མའི་ཚོགས་གཙོ་མི་ལོ་སི་ཝིས་ཏྲི་ཤིལ་ (Milos Vystrcil) གྱིས་སྣེ་འཁྲིད་པའི་སྐུ་ཚབ་མི་སྣ་ ༩༠ ཐའེ་ཝན་དུ་ཕེབས་འབྱོར་བྱུང་བར་བརྟེན། ཉིན་དེར་ཝང་ཡས་ཀྱིས ཅེག་གི་གྲོས་ཚོགས་གོང་མའི་ཚོགས་གཙོ་མི་ལོ་སི་ཡིས་མིག་རྒྱང་ཐུང་བའི་བྱ་སྤྱོད་སྤེལ་བ་དེར། རང་ཉིད་ནས་འགན་འཁུར་ཆ་ཚང་བླང་དགོས། ཞེས་འཇིགས་སྐུལ་བྱས་ཡོད་ཅིང་། ཁ་སང་བསྐྱར་དུ་མི་ལོ་སིས་རྒྱ་ནག་གཅིག་གི་སྲིད་བྱུས་དང་འགལ་སྟེ། ཐའེ་ཝན་དེ་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱས་ཡོད་པ་དེ་ནི་ཚད་ལས་བརྒལ་བའི་བྱ་སྤྱོད་ཅིག་ཡིན་སྐོར་ནན་བརྗོད་བྱས་ཡོད་འདུགཝང་ཡས་ཀྱི་རྒོལ་གཏམ་དེར་འཇར་མན་གྱི་གནད་ཡོད་མགོ་འཁྲིད་དང་གྲོས་ཚོགས་འཐུས་མི་མི་ཉུང་བས་ཝང་ལ་སྐྱོན་བརྗོད་དྲག་པོ་བྱས་ཡོད་པ་མ་ཟད། ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་གཞན་ཚོས་ཅེག་གི་ཚོགས་གཙོར་རྒྱབ་སྐྱོར་བྱེད་དགོས་པའི་བསམ་ཚུལ་ཤུགས་ཆེར་བཏོན་པ་ལྟར། ཁ་སང་གི་གསར་འགོད་གསལ་བསྒྲགས་སྟེང་འཇར་མན་གྱི་ཕྱི་སྲིད་བློན་ཆེན་ཧེ་ཀོ་མཱ་སི་ལགས་ཀྱིས། ང་ཚོ་ཡུ་རོབ་པ་ཞིག་ཡིན་པའི་ཆ་ནས། ང་ཚོས་རྒྱལ་སྤྱིའི་མཐུན་གྲོགས་རྣམས་ལ་ཕར་བརྩི་བཀུར་ཞུ་བ་བཞིན། ཚུར་ཡང་གཅིག་མཚུངས་ཀྱི་བརྩི་བཀུར་ཞུ་རྒྱུའི་རེ་བ་བྱེད་ཀྱི་ཡོད། འདིར་བརྙས་བཅོས་རིགས་ཁྱོན་ནས་ངོས་ལེན་བྱེད་ཐབས་མེད། ཅེས་ཕར་རྒོལ་བྱས་ཡོད་འདུག

འདས་པའི་བདུན་ཕྲག་གཅིག་ལྷག་རིང་གི་ཡུ་རོབ་སྐོར་སྐྱོད་རིང་། ཡུ་རོབ་རྒྱལ་ཁབ་ཁག་ཏུ་གནས་སྡོད་བོད་མི་དང་། ཧོང་ཀོང་བ། ཡུ་གུར། ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ། ལྷོ་སོག དེ་བཞིན་ཕྱི་མི་རྒྱབ་སྐྱོར་བ་རྣམས་ཀྱིས། ཕྱི་སྲིད་བློན་ཆེན་གཉིས་ཀྱི་ཐུག་འཕྲད་བྱ་ཡུལ་དང་ཁྲོམ་ལམ་སོགས་སུ་སྐད་འབོད་ལས་འགུལ་སྤེལ་བ་དང་སྦྲགས། འབྲེལ་ཡོད་རྒྱལ་ཁབ་ཀྱི་མགོ་འཁྲིད་ཚོར་ཝང་ཡས་དང་ཐུག་འཕྲད་བྱེད་རིང་། བོད་དང་ཧོང་ཀོང་།  དེ་བཞིན་ཡུ་གུར་བཅས་ཀྱི་གནད་དོན་གླེང་སློང་དགོས་པའི་རེ་སྐུལ་ཞུས་ཡོད་པ་ལྟར། ཁ་སང་འཇར་མན་ཕྱི་སྲིད་ལྷན་ཁང་གི་མདུན་སར། ཉེ་ཆར་ཧོང་ཀོང་ནས་དབྱིན་ཡུལ་དུ་ཉེན་ཡོལ་དུ་ཕྱིན་པའི་ཧོང་ཀོང་གི་གྲོས་ཚོགས་འཐུས་མི་ཟུར་པ་དང་། ཧོང་ཀོང་གི་དམངས་གཙོའི་ལས་འགུལ་གྱི་ན་གཞོན་སྣེ་འཁྲིད་པ་ན་ཐན་ལཱའོ་ (Nathan Law) གཙོས་མི་གྲངས་བརྒྱ་ལྷག་གིས་སྐད་འབོད་ལས་འགུལ་སྤེལ་ཡོད་འདུག

སྤྱིར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱི་ཡུ་རོབ་སྐོར་སྐྱོད་དེ། ཛ་དྲག་ནང་ལྷུང་བའི་ཨ་རྒྱའི་འབྲེལ་ལམ་གྱིས་ཡུ་རོབ་དང་རྒྱ་ནག་གི་འབྲེལ་བར་དོ་ཕོག་མི་འགྲོ་རྒྱུ་དང་། ལྷག་ཏུ་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་དག་བློ་འགུག་བྱེད་རྒྱུར་དམིགས་ཡོད་ཀྱང་། རྒྱལ་ཁབ་ལྔའི་ཁྲོད་ནས་ཨི་ཊ་ལི་ (Italy) དང་། ནེ་ཐར་ལེན་ཌི་ (Netherlands)། ནོར་ཝེ་། ཧྥ་རན་སི།  འཇར་མན་བཅས་ཀྱིས་ཡོངས་ཁྱབ་ཀྱི་ཐོག་ནས་རྒྱ་ནག་གིས་ཧོང་ཀོང་དང་ཤིན་ཅང་ཁུལ་དུ་སྤེལ་བཞིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་དྲག་པོ་བྱས་ཡོད་ཅིང་། དབྱེ་ཞིབ་པས་བརྗོད་ན། ཐེངས་འདིའི་ཝང་ཡས་ཀྱི་སྐོར་སྐྱོད་རིང་ཚོང་འབྲེལ་གྲོས་ཆོད་གཉིས་བཞག་ཐུབ་ཡོད་ཀྱང་། སྤྱི་ཡོངས་ནས་དོན་འབྲས་དེ་ཙམ་སྨིན་མེད་པར་ངོས་འཛིན་བྱེད་ཀྱི་འདུག

ཡང་ལྷོ་རྒྱུད་རྒྱ་ནག་ཞོགས་པའི་ཆ་འཕྲིན་གྱི་གནས་ཚུལ་ལྟར་ན། ཝང་ཡས་ཀྱི་ཡུ་རོབ་སྐྱོར་སྐྱོད་གྲུབ་པ་དང་བསྟུན། ཡོང་རྒྱུའི་བདུན་ཕྲག་འདིའི་ནང་རྒྱ་ནག་གི་ཆེས་མཐོའི་སྐུ་ཚབ་དང་ཕྱི་འབྲེལ་མི་སྣ་ཡང་ཇེ་ཁྲི་ (Yang Jiechi) ཟེར་བ་དེ། ཡུ་རོབ་ཀྱི་རྒྱལ་ཁབ་གྷི་རི་སི་ (Greece) དང་། སི་པན་ (Spain) དུ་ཕྱོགས་སྐྱོད་བྱ་རྒྱུ་ཡིན་འདུག་ལ། དབྱེ་ཞིབ་པས་ད་ལན་རྒྱ་ནག་གིས་གནད་ཡོད་ཕྱི་འབྲེལ་མི་སྣ་གཉིས་བསྟུད་མར་ཡུ་རོབ་ཏུ་གཏོང་ཚུལ་དེ། རྒྱ་ནག་གིས་ཡུ་རོབ་རྒྱལ་ཁབ་རྣམས་ཨ་རིའི་ཕྱོགས་སུ་གཞོལ་རྒྱུར་བཀག་འགོག་བྱེད་པའི་ཐབས་བྱུས་གནད་འགག་ཅན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། སྤྱིར་འདས་པའི་ལོ་ཤས་རིང་ཡུ་རོབ་རྒྱལ་ཁབ་མང་དག་ཅིག་གིས་ཚོང་དོན་ཁེ་ཕན་ལ་གཞིགས་ཏེ་རྒྱ་ནག་ལ་བསྟུན་མཁས་བྱས་ཡོད་ཀྱང་། འདི་ལོའི་ཏོག་དབྱིབས་གཉན་རིམས་ཀྱིས་ཡུ་རོབ་ཙམ་དུ་མ་ཟད། འཛམ་གླིང་གི་རྒྱལ་ཁབ་མང་པོའི་ནང་རྒྱ་ནག་ལ་ལྡོག་ཕྱོགས་ཀྱི་རྣམ་པ་གསལ་པོ་སྟོན་པའི་མགོ་བཙུགས་ཡོད་པ་རེད། དེ་བཞིན་ཨ་རིའི་ཕྱོགས་ནས་ཀྱང་ཡུ་རོབ་རྒྱལ་ཁབ་དང་མཉམ་འབྲེལ་གྱིས་རྒྱ་ནག་ལ་ཁ་གཏད་ཀྱི་མཐུན་ཚོགས་ཤིག་སྐྲུན་བཞིན་ཡོད་པ་དེས་ཀྱང་། གྷི་རི་སི་ལྟ་བུའི་ཡུ་རོབ་རྒྱལ་ཁབ་དག་ལ་རྒྱ་ནག་དང་ཨ་རིའི་བར་གྱི་གདམ་ཀ་དེ་རང་བཞིན་གྱིས་སླེབས་བཞིན་ཡོད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༩/༠༢

Leave a Reply