ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མིར་ལངས་པ་གསལ་བསྒྲགས་གནང་།

ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ཀྱིས་སྤྱི་སྙོམས་དྲང་བདེན་དང་། ནུས་པ་མཉམ་སྤུངས། གོམ་པ་མདུན་སྤོས་བཅས་དམ་བཅའ་གསུམ་གྱི་ཐོག་ནས་སྲིད་སྐྱོང་འོས་མིར་ལངས་པ་གསལ་བསྒྲགས་གནང་སོང་།དེ་རིང་རྒྱ་གར་གྱི་དགོང་མོའི་ཆུ་ཚོད་ ༧།༣༠ ཐོག་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ཀྱིས་དྲ་ལམ་ཐད་གཏོང་བརྒྱུད་ཁོང་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་གི་འོས་གཞིར་ལངས་པ་གསལ་བསྒྲགས་གནང་སོང་བ་དང་། སྐབས་དེར་ཁོང་གིས་མི་མང་ནས་ཁོང་སྲིད་སྐྱོང་དུ་བསྐོས་ཚེ། སྤྱི་སྙོམས་དྲང་བདེན་དང་། ནུས་པ་མཉམ་སྤུངས། གོམ་པ་མདུན་སྤོས་བཅས་ཀྱི་དམ་བཅའ་གསུམ་གྱི་ཐོག་ནས་སྲིད་སྐྱོང་གི་ལས་འཁུར་ཞུ་རྒྱུ་ཡིན་ལ། ཁོང་གི་མི་ཚེ་འདིའི་ནང་བོད་སྤྱི་པའི་དོན་རང་ལ་ཞབས་ཕྱི་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་བརྗོད་སོང་།

གསལ་བསྒྲགས་ཀྱི་ཐོག་མར་ཁོང་སྲིད་སྐྱོང་གི་འོས་གཞིར་ལངས་དགོས་པའི་རྒྱུ་མཚན་དྲུག་གི་སྐོར་ལ་ཁོང་གིས། དང་པོ་དེར་སྤྱིར་བཏང་སྤྱི་པའི་ལས་དོན་བྱེད་པའི་སྐབས་ལ་ཕྱི་ནང་གི་རྐྱེན་སྣ་ཚོགས་ཤིག་འཕྲད་ཡོང་གི་རེད། ཡིན་ན་ཡང་དེ་སྔ་ངས་མང་ཚོགས་ལ་ཞུས་པ་བཞིན། ངའི་མི་ཚེ་འདིའི་རིང་བོད་སྤྱི་པའི་དོན་རང་ལ་ཞབས་ཕྱི་ཞུ་རྒྱུ་ཡིན། ཆོད་སེམས་འདི་བརྟན་པོ་ཡིན། རྐྱེན་སྣ་ཚོགས་ལ་བརྟེན་ནས་བློ་ཕམ་དང་སེམས་ཕམ་བྱས་ནས་སྤྱི་ཚོགས་ཀྱི་འགན་མ་འཁུར་བའི་གནས་སྟངས་རྩ་བ་ནས་ཆགས་ཀྱི་མེད་པ་རེད། མུ་མཐུད་ནས་བོད་པའི་སྤྱི་པའི་ལས་དོན་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད། དེར་བརྟེན་དེ་རིང་སྲིད་སྐྱོང་གི་འོས་མིར་ལངས་ཀྱི་ཡོད། གཉིས་པ་དེར་སྤྱིར་བཏང་སྤྱི་ཚོགས་ལ་ཞབས་ཕྱི་ཞུ་བར་ལས་གནས་དང་གོ་གནས་ཡོད་མེད་ཀྱི་ཁྱད་པར་ཡོད་པ་མ་རེད། འོན་ཀྱང་ལས་གནས་མཐོ་བ་དང་ལྷག་པར་དུ་སྲིད་སྐྱོང་གི་འགན་འཁྱེར་པ་ཡིན་ན། དེའི་ཁྱད་ནུས་འདོན་སྟངས་ལ་ཁྱད་པར་ཏན་ཏན་ཡོང་གི་ཡོད་པ་རེད། མི་སྒེར་གཅིག་གི་ལས་དོན་བྱེད་ཕྱོགས་དང་སྤྱི་པའི་གོ་གནས་གཅིག་གི་ཐོག་ནས་ལས་འགན་བྱེད་རྒྱུའི་ཁྱད་ནུས་དེ་འདྲ་ཡི་མེད་སྟབས། ད་ལན་སྲིད་སྐྱོང་གི་འོས་མིར་ལངས་ནས། རྣམ་པ་ཚོས་འགན་བསྐུར་ན་སོ་སོའི་བསམ་བློའི་ནང་བང་སྒྲིག་བཞག་པ་དག་ལག་བསྟར་བྱ་རྒྱུའི་གོ་སྐབས་ཡོད་པ་རེད། གསུམ་པ་དེར་༸སྤྱི་ནོར་གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་དགུང་ལོ་བགྲེས་འགྲོ་བཞིན་ཡོད་པར་བརྟེན། འདས་པའི་ལོ་ ༦༥ ལྷག་གི་རིང་༸གོང་ས་མཆོག་གིས་འགན་གཙོ་བོ་བཞེས་པའི་ཐོག་ནས་བོད་དོན་བདེན་མཐའ་གསལ་རྒྱུ་དང་། བོད་མི་རིགས་ཀྱི་ཕན་བདེ་སྒྲུབ་རྒྱུ་སོགས་གནང་བ་རེད། ཕྱི་ལོ་ ༢༠༠༡ ནས་ཕྱེད་བགྲེས་ཡོལ་ཡིན་ཞེས་བཀའ་གནང་བ་དང་། ༢༠༡༡ ནས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་མང་གིས་བདམས་པའི་མགོ་འཁྲིད་ལ་གནང་བ་རེད། རྩ་བའི་ཆ་ནས་༸གོང་ས་མཆོག་ནས་ཆབ་སྲིད་དང་འཛིན་སྐྱོང་གི་འགན་བཞེས་གནང་གི་མེད་ཀྱང་། ད་བར་༸གོང་ས་མཆོག་ནས་བཀའ་སློབ་ལམ་སྟོན་མང་པོ་ཕེབས་ཡོད་པ་རེད། ༸རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་པ་དེ་དག་གཞི་གཙོ་བོར་བཞག་ནས་ལས་དོན་སྒྲུབ་རྒྱུ་གལ་ཆེན་པོ་ཡིན་པ་རེད། ༸གོང་ས་མཆོག་གི་དགོངས་པ་དེ་དག་ཀྱང་དངོས་ཡོད་གནས་སྟངས་དང་རྒྱུ་མཚན་དང་ལྡན་པ། འཕྲལ་ཕུགས་རྒྱང་གསུམ་ལ་གཟིགས་ཏེ་གཏན་ལ་ཕབ་པ་ཞིག་ཡིན་སྟབས། དེ་དག་ལག་བསྟར་བྱ་རྒྱུའི་འགན་དེ་ང་ཚོའི་མི་རབས་ལ་བབས་ཡོད་པ་རེད། ང་རང་ལྟ་བུར་མཚོན་ནའང་དུས་རྒྱུན་དུ་སྤྱི་ཚོགས་ནང་ལ་འགན་ཞིག་མ་འཁྱེར་ན་རྩ་བ་ནས་འགྲིག་ཐབས་མི་འདུག་ཅེས་པའི་བསམ་བློ་འཁྱེར་གྱི་ཡོད་པ་རེད། དེར་བརྟེན་ད་ཐེངས་སྲིད་སྐྱོང་ལ་ལངས་པ་ཡིན། ཅེས་དང་། རྒྱུ་མཚན་བཞི་པ་དེ་རང་ཉིད་ལ་ཉམས་མྱོང་དང་སློབ་སྦྱོང་སོགས་ཀྱི་ཐད་ནས་གང་འཚམ་ཤེས་རྟོགས་ཡོད་པ་དང་། ལུས་པོའི་འཕྲོད་བསྟེན་ཆ་ནས་ཀྱང་བདེ་ཐང་ཡིན་པ། འདས་པའི་ལོ་མང་རིང་ལས་འགན་མང་པོ་ཞིག་འཁུར་བར་བརྟེན། སྲིད་སྐྱོང་གི་འགན་སྒྲུབ་ཐུབ་པ་དང་། བྱེད་ཐུབ་པ། འཇོན་ཐུབ་པའི་བསམ་བློ་ཡོད་པ་དང་། ད་ལྟ་སྲིད་སྐྱོང་གི་འགན་འཁྱེར་ན་ནུས་པ་འདོན་རྒྱུའི་དུས་ལ་བབས་ཡོད་སྐོར་དང་། རྒྱུ་མཚན་ལྔ་པ་དེ་མང་ཚོགས་ཁྲོད་རང་ཉིད་ཀྱི་ཉམས་མྱོང་དང་། འཇོན་ཐང་། གཤིས་ཀ་བཅས་ལ་རྒྱུས་མངའ་ཡོད་པའི་མི་མང་པོས་སྲིད་སྐྱོང་ལ་ལངས་རྒྱུའི་རེ་བ་འཆང་གི་ཡོད་པ་དང་། ཁོ་ཚོའི་རེ་བ་དེ་བསྐང་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་སྐོར་དང་། སྲིད་སྐྱོང་ལ་ལངས་དགོས་པའི་རྒྱུ་མཚན་དྲུག་པ་དེ། རང་ཉིད་ཀྱི་ཆབ་སྲིད་དང་། འཛིན་སྐྱོང་། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་རིགས་ལམ་དང་འཆར་སྣང་གིས་བོད་མིའི་རྩ་དོན་དང་སྤྱི་ཚོགས་ཀྱི་བདེ་དོན་ལ་ཕན་རྒྱུའི་གདེང་ཚོད་དང་ཆོད་སེམས་བརྟན་པོ་ཡོད་སྐོར་སོགས་བརྗོད་སོང་།

ཡང་ཁོང་གི་ཡིག་ཐོག་བསྒྲགས་གཏམ་ནང་དུ། སྤྱི་སྙོམས་དྲང་བདེན་ནི་ཆབ་སྲིད་དང་འཛིན་སྐྱོང་གི་བྱེད་སྒོ་ཡོངས་སུ་རྫོགས་པའི་དམ་བཅའ་གཙོ་བོ་དེ་ཡིན་པ་དང་། སྲིད་ཇུས་དང་ལས་འཆར་ཚང་མ་དམ་བཅའ་འདི་ལས་མ་བརྒལ་བར་འཆར་སྒྲིག་ལག་བསྟར་ཞུ་རྒྱུ་དང་། བཅའ་ཁྲིམས་དང་སྒྲིག་གཞི་ཁག་བརྩི་བཀུར་ཉམས་ལེན་བརྒྱུད། འཛིན་སྐྱོང་གི་བྱེད་སྒོ་རྣམས་ས་ཕྱོགས་ལྷུང་ཕྱོགས་འཐེན་འཁྱེར་མེད་པ་དང་། ཕྱི་གསལ་ནང་གསལ། གྲུབ་འབྲས་གཙིགས་འཛིན། དྲང་པོ་དྲང་བཞག་ཡོང་བ་ཞུ་རྒྱུ་དེ་ཡིན། ཞེས་དང་། ནུས་པ་མཉམ་སྤུངས་ནི་དམིགས་ཡུལ་མངོན་འགྱུར་ཡོང་བའི་ཐབས་ལམ་གཙོ་བོ་དེ་ཡིན་པ་དང༌། ང་ཚོ་གནད་དོན་ཆུང་ཙག་ལ་ནང་ཁུལ་རྩོད་རེས་བྱས་ཏེ་གོང་བུའི་ནུས་པ་ཉམས་ཆག་ཕྱིན་ན། དེའི་གྱོང་གུན་ཕོག་མཁན་ང་ཚོ་རང་ཉིད་ཡིན་པ་མཁྱེན་དགོས་པ་དང་། མི་རེ་རེར་ལངས་ཕྱོགས་དང་བསམ་ཚུལ་མི་མཐུན་པ་ཡོང་ངེས་ཡིན་པ་དང་། དེ་ལྟར་ཡོང་ཆོག་གི་ཡོད་ནའང་། ང་ཚོར་མི་རིགས་ངོས་འཛིན་གྱི་ཐུན་མོང་གི་ལྟ་བ་ཞིག་ཡོད་པ་དེ་རྨང་གཞིར་བཟུང་སྟེ། བོད་ཀྱི་རྩ་དོན་ཐོག་མི་རེ་ངོ་རེའི་ནུས་པ་སྤུངས་ཐུབ་པ་ཡིན་ན། ཆུ་ཐིགས་ བསགས་པའི་རྒྱ་མཚོའི་དཔེ་བཞིན་འབྲས་བུ་འཐོན་རྒྱུ་ཡིན་པས། ཆབ་སྲིད་དང་། འཛིན་སྐྱོང་། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ལས་གཞི་ཡོད་དོ་ཅོག་ལ་བོད་ཀྱི་ཡུལ་མི་ཚང་མའི་ནུས་པ་མཉམ་སྤུངས་ཀྱི་སྒོ་ནས་ནས་གྲུབ་འབྲས་ཐོན་པའི་འབད་བརྩོན་གང་ཡོང་ཞུ་རྒྱུ། ཞེས་དང་། གོམ་པ་མདུན་སྤོས་ནི་དམིགས་ཡུལ་ལྟེ་བ་དེ་ཡིན། ང་ཚོས་འདས་ཟིན་པའི་ཉམས་མྱོང་ལས་བསླབ་བྱ་ལེན་དགོས་པ་དང་། ང་ཚོས་འཐུས་ཤོར་དང་ནོར་འཁྲུལ་བྱུང་བ་རྣམས་ཡར་རྒྱས་འགྲོ་བའི་མཐུན་རྐྱེན་དུ་བསྒྱུར་རྒྱུའི་ཐབས་ཤེས་བསྟེན་དགོས་པ་ལས། གོམ་པ་ཕྱིར་བཤིག་བྱེད་ཐབས་མེད། ང་ཚོས་རྒྱལ་སྤྱི་དང་རྒྱ་ནག་ གི་འཕེལ་འགྱུར་དང་བསྟུན་པའི་བོད་དོན་བདེན་མཐའ་གསལ་བའི་ཐབས་ཇུས་འཆར་སྒྲིག་བྱེད་དགོས་དང་། བོད་ཁྱོན་ཡོངས་ཀྱི་གནས་སྟངས་དང་། དེ་བཞིན་དུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་འགྱུར་འགྲོས་དང་། ྋགོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་གནས་ཡུལ་རྒྱ་གར་གྱིས་གཙོས་པའི་བོད་མི་གནས་ སྡོད་བྱ་ཡུལ་རྒྱལ་ཁབ་ཁག་གི་འགྱུར་འགྲོས་དང་བསྟུན་པའི་གོམ་པ་མདུན་སྤོ་བྱེད་ཐུབ་པ་ཡིན་ན། བོད་མི་རྣམས་དུས་རབས་ ༢༡ པ་འདིའི་ནང་མི་རིགས་གཞན་དང་མཉམ་དུ་དཔུང་པ་མཉམ་གཤིབ་ཐུབ་པའི་ཐོག བོད་ཀྱི་ཆོས་དང་རིག་གཞུང་གི་ལེགས་ཆ་རྣམས་ཀྱིས་འགྲོ་བ་མི་སྤྱི་ཡོངས་ལ་ཕན་ཐོགས་བསྐྲུན་རྒྱུའི་དམིགས་ཡུལ་སྒྲུབ་པ་ལའང་མཐུན་འགྱུར་བྱེད་ཐུབ། ཅེས་བརྗོད་སོང་།

གཞན་ཡང་གསལ་བསྒྲགས་སྐབས་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ཀྱིས། ངའི་བསམ་བློའི་འཁྱེར་སོ་དེ། ང་ལ་མི་མང་གིས་འགན་བསྐུར་དང་མ་བསྐུར་དེ་གལ་ཆེན་པོ་རྩི་ཡི་མེད། མི་མང་གིས་འགན་བསྐུར་མ་བསྐུར་དེ་མི་མང་གི་ལག་ལ་ཡོད་པ་རེད། སོ་སོ་ལའང་ལས་དབང་ཞིག་དགོས་ཀྱི་ཡོད་པ་རེད། ང་བྱེད་ཀྱི་ཡིན་ཟེར་མཁན་ཚང་མར་གོ་སྐབས་དེ་ཡོད་པ་མ་རེད། ད་ཐེངས་མི་མང་གིས་འགན་མ་བསྐུར་བ་ཡིན་ན་བློ་ཕམ་དང་འགྱོད་པ་གང་ཡང་མེད། སོ་སོས་ཐབས་ཤེས་གང་ཡོད་བྱས་པ་རེད། ལས་དབང་མི་འདུག་བསམ་ནས་ངོས་ལེན་བྱ་རྒྱུ་རེད། གལ་ཏེ་འགན་བསྐུར་ན་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ནམ་རྒྱུན་དུ་བཀའ་སློབ་གནང་གི་ཡོད་པ་ལྟར། འགན་ཁྱེར་མཁན་དེ་ཚོས་ལས་ཀ་ག་རེ་བྱས་པ་ཡིན་ན་ཡང་། ལྷག་བསམ་རྣམ་དག ཕྱི་གནས་ནང་གསལ། མངོན་ལྐོག་རྒྱབ་མདུན་མེད་པ་བྱེད་དགོས་གསུངས་པ་དེ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་དམ་བཅའ་བརྟན་པོ་ཡིན། ཞེས་བརྗོས་སོང་།

མཇུག་ཏུ་ཚོགས་ཟུར་ལགས་ཀྱིས་མང་ཚོགས་ལ་འབོད་སྐུལ་ཞུས་དོན། ཕྱི་ལོ་ ༢༠༡༦ ལོའི་འོས་བསྡུ་ཆེན་མོའི་སྐབས་སུ་བགྲོ་གླེང་ལྷུག་པོ་དང་། འོས་འཕེན་པ་མཉམ་ཞུགས་ཀྱི་ གྲངས་ཚད་མཐོ་པོ་བྱུང་བ་རྣམས་མང་གཙོའི་ལམ་སྲོལ་ཡར་རྒྱས་འཐུས་ཚང་འབྱུང་བའི་མཐུན་རྐྱེན་ཡིན་ནའང་། དགོས་མེད་ཀྱི་འཐེན་རྩོད་མང་པོ་ཞིག་བྱུང་བའི་གནོད་སྐྱོན་ལས་བསླབ་བྱ་བླངས་ཏེ། ང་ཚོ་གོམ་པ་མདུན་སྤོས་བྱེད་དགོས་པ་དང་། ཐེངས་འདིའི་འོས་བསྡུ་ཆེན་མོའི་ནང་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་གཞིར་འཛུལ་ཞུགས་བྱེད་མཁན་ཚང་མ་སྤྱི་པའི་ལས་དོན་ལ་འགན་ཁུར་ལེན་ཆེད་དུ་འོས་བསྡུའི་ལས་རིམ་ནང་མཉམ་ཞུགས་གནང་བ་ཞིག་ཡིན་སྟབས། ཚང་མས་རང་རང་གི་རྣམ་དཔྱོད་རྩལ་དུ་སྤྲུགས་ཏེ་སྤྱི་དོན་སྒྲུབ་ཐབས་ཀྱི་འཆར་སྒོ་རྣམས་མང་ཚོགས་ཀྱི་མདུན་དུ་སྤུངས་གནང་ཡོང་བ་དང་། དཀྲོག་གཏམ་དང་དཀྲུག་ཤིང་ཆེད་སྒྲོགས་བྱེད་མཁན་རེ་ཟུང་ཡོང་སྲིད་པ་དེ་དག་ལ་དོགས་ཟོན་གནང་སྟེ། དགོས་མེད་སྒེར་རྩོད་དང་ཕྱོགས་འཐེན་འགྲོ་གཞིའི་རྩོད་གླེང་རིགས་མི་གནང་བའི་འབོད་སྐུལ་ཞུ་རྒྱུ་དང་། འོས་གཞི་སོ་སོར་རྒྱབ་སྐྱོར་བྱེད་མཁན་ཚོས་ཀྱང་མང་གཙོའི་དོན་སྙིང་དང་བོད་སྤྱི་པའི་རྩ་དོན་སེམས་ལ་བཅངས་ཏེ་འོས་བསྡུའི་ལས་རིམ་ནང་མཉམ་ཞུགས་ཡོང་བའི་འབོད་སྐུལ་དང་རེ་སྨོན་ཆབས་ཅིག་ཏུ་ཞུ་རྒྱུ། ཞེས་བཀོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༩/༠༢

Leave a Reply

2 thoughts on “ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མིར་ལངས་པ་གསལ་བསྒྲགས་གནང་།

  1. སྐུ་ངོ་ལགས་ལ་གུས་ཞབས་ཡོད། འོན་ཀྱང་འདི་ལོར་རྒྱལ་ཁ་ཐོབ་་ན་ཡང་བོད་མི་ནང་ཁུལ་གྱི་ཆིག་སྒྲིལ་དེ་ཅུང་ཁག་པོ་རེད་།

  2. མི་རྗེ་སྐོུ་སྤེན་པ་ཚེ་རིང་བོད་མིའི་སྲིད་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ། སྐུ་ཉིད་ལ་རྒྱབ་སྐྱོར་གཙང་མ་ཡོད་ཐོག་ད་ལོར་མི་རྗེ་ཁྱོད་ལ་རྒྱལ་ཁ་པར་ཡིད་ཆེས་ཡོད་།།་