འབྲས་ལྗོངས་སྒང་ཏོག་ཁུལ་དུ་བོད་ཀྱི་མང་གཙོའི་དུས་དྲན་སྲུང་བརྩི་ཞུས།

དམངས་གཙོའི་དུས་དྲན་དང་བསྟུན་སློབ་ཕྲུག་ཚོས་བོད་ཀྱི་མང་གཙོའི་འཕེལ་རིམ་དང་༸རྒྱལ་བ་ཐམས་ཅད་མཁྱེན་པའི་བླ་ན་མེད་པའི་ལེགས་སྐྱེས་ཞེས་པའི་བརྗོད་གཞིའི་སྟེང་རྩོམ་ཡིག་འགྲན་བསྡུར་བྱས་ཡོད་འདུག

ཁ་སང་ཕྱི་ཚེས་ ༢ ཉིན། བོད་ཀྱི་དམངས་གཙོའི་དུས་དྲན་ཐེངས་ ༦༠ པ་དང་བསྟུན། བོད་མི་འདུས་སྡོད་ཀྱི་ས་ཁུལ་ཁག་ཏུ་དམངས་གཙོའི་དུས་དྲན་རྣམ་པ་འདྲ་མིན་ཐོག་སྲུང་བརྩི་བྱས་ཡོད་པ་ལྟར། སྒང་ཏོག་བོད་ཀྱི་གསོལ་མགྲོན་ཚོགས་ཁང་དུ་ས་གནས་མགོ་འཛིན་གཙོའི་སྒང་ཏོག་བོད་ཀྱི་སྐད་ཡིག་གཅེས་འཛིན་ཚོགས་པ། རིས་མེད་དགོན་སྡེ་ཁག་གི་སྐུ་ཚབ་རྣམ་པ། ས་གནས་གཞུང་འབྲེལ་མིན་པའི་ཚོགས་པ་དྲུག་གི་ཚོགས་གཙོ་དང་རྒྱུན་ལས་རྣམ་པ། སྐྱིད་སྡུག་དང་སྡེ་ཚན་ཁག་གི་སྐུ་ཚབ་བཅས་མི་གྲངས་ ༣༠ ཙམ་ལྷན་འཛོམས་ཐོག་དམངས་གཙོའི་དུས་དྲན་སྲུང་བརྩི་ཞུས་ཡོད་འདུག

མཛད་སྒོའི་སྟེང་དམིགས་བསལ་འདི་ལོར་བོད་མིའི་སྒྲིག་འཛུགས་ནས་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་གནང་དོན་བཞིན། སྒང་ཏོག་བོད་ཀྱི་སྐད་ཡིག་གཅེས་འཛིན་ཚོགས་ཆུང་གི་ངོས་ནས་རྒྱལ་བའི་བཀའ་དྲིན་རྗེས་དྲན་སྲུང་བརྩི་ཞུ་ཆེད། བོད་ཀྱི་མང་གཙོའི་དུས་དྲན་དང་བསྟུན། ཀ་རྡོར་འབྲས་གསུམ་ཁྱབ་ཁོངས་སློབ་གྲྭ་འགྲིམ་བཞིན་པའི་འཛིན་གྲྭ་ ༩ ནས་ ༡༢ བར་འབྲིང་རིམ་དང་མཐོ་རིམ་སློབ་མ་རྣམས་རང་རེའི་སྐད་ཡིག་བཀོལ་སྤྱོད་དང་ཡར་རྒྱས་ལ་སྨན་པའི་སླད། བོད་ཀྱི་མང་གཙོའི་འཕེལ་རིམ་དང་༸རྒྱལ་བ་ཐམས་ཅད་མཁྱེན་པའི་བླ་ན་མེད་པའི་ལེགས་སྐྱེས་ཞེས་པའི་བརྗོད་གཞི་ཐོག  བོད་ཡིག་འབྲི་རྩོམ་འགྲན་བསྡུར་ཞིག་གོ་སྒྲིག་ཞུས་པ་བཞིན། གོང་གསལ་ས་གནས་ཁྱབ་ཁོངས་ནས་སློབ་མ་ ༡༠ གྲངས་ཞིག་མཉམ་ཞུགས་བྱུང་བ་ལས། མཉམ་ཞུགས་གནང་བའི་གྲུབ་འབྲས་ཀྱི་ཨང་རིམ་སོན་པ་དག་ལ་གཟེངས་བསྟོད་བྱ་དགའ་སྤྲད་ཡོད་འདུག

དེ་བཞིན་སྒང་ཏོག་ས་གནས་འགོ་འཛིན་ལས་ཁུངས་ཀྱི་རོགས་དྲུང་དང་། དངུལ་གཉེར་གཅིག་ལྕོགས་ལས་བྱེད་ཉི་མ་དོན་གྲུབ་ལགས་ཞབས་ལོ་ ༢༥ འཁོར་བའི་བསྔགས་བརྗོད་ཕྱག་འཁྱེར་དང་ཕྱག་རྟགས་སྤྲད་ཡོད་པ་དང་། འཕྲོད་བསྟེན་ལས་ཁུངས་ནས་དམིགས་བསལ་དགོས་མཁོ་ཅན་གྱི་མི་གྲངས་ ༦ ལ་ངལ་སེལ་རོགས་དངུལ་དང་། ཏོག་དབྱིབས་སྔོན་འགོག་གི་ཅ་དངོས་བཅས་སྤྲད་ཡོད་པ།  གཞན་ཡང་སྒང་ཏོག་ས་འཐུས་ཚེ་རིང་སྟོབས་རྒྱལ་ལགས་ནས་མང་ཚོགས་དང་ལྷག་པར་གཞོན་སྐྱེས་ཚོར་གོ་རྟོགས་ཡོང་སླད་མང་གཙོའི་འཕེལ་རིམ་སྐོར་འབྲི་རྩོམ་སྒྲོག་སྦྱང་གསལ་བཤད་གནང་བ་དང་། མཐར་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་ལས་ཚབ་ནས་ཐུགས་རྗེ་ཆེའི་གསུང་བཤད་ཀྱི་སྒོ་ནས་བོད་ཀྱི་མང་གཙོའི་དུས་དྲན་སྲུང་བརྩིའི་མཛད་སྒོ་གྲོལ་ཡོད་འདུག

བོད་ཡིག་འབྲི་རྩོམ་འགྲན་བསྡུར་གྱི་གྲུབ་འབྲས་ནང་འབྲིང་རིམ་སློབ་མ་འཛིན་གྲྭ་ ༩ ནས་ ༡༢ བར་ཨང་དང་པོ་ཀ་སྦུག་གཏན་སློབ་ནས་ཡིན་པའི་པདྨ་དབང་མོ།  ཨང་གཉིས་པ་ཀུན་བཟང་བདེ་ཆེན། ཨང་གསུམ་པ་བསྟན་འཛིན་དབྱངས་འཛོམས། ཨང་བཞི་པ་སྒང་ཏོག་སྐྱིད་བདེ་ཁང་སློབ་མ་བསྟན་འཛིན་མཁའ་འགྲོ་བཅས་ཡིན་པ་དང་། གཞན་ཡང་མཐོ་རིམ་སློབ་མ་རྣམས་ནས་རྣམ་རྒྱལ་གསོ་རིག་མཐོ་སློབ་ཁོངས་ནས་ཨང་དང་པོ་ཕུར་བུ་ཆོག་པ། ཨང་གཉིས་པ་ནོར་བུ་བསམ་འཕེལ། ཨང་གསུམ་པ་བཀྲ་ཤིས་རྣམ་རྒྱལ།  ཨང་བཞི་པ་བསྟན་འཛིན་ལྷ་སྒྲོན། ཨང་ལྔ་པ་བྱམས་པ་ཆོས་འབྱོར། ཨང་དྲུག་པ་པདྨ་སྐྱིད་སྒྲོན་བཅས་ཡིན་འདུག

གནས་ཚུལ་མཁོ་སྤྲོད་པ་ཨཱཅརྱ་ཚུལ་ཁྲིམས་རྒྱ་མཚོ།

བསྐྱར་བཅོས།: ༢༠༢༠/༠༩/༠༣

Leave a Reply