ཨ་རིས་རྒྱ་ནག་གཞུང་ཚབ་པའི་འགྲོ་འདུག་ལ་ཚོད་འཛིན་བྱ་རྒྱུ་ཡིན་འདུག

ཨ་རིའི་རྒྱལ་སྲུང་དྲུང་ཆེ་མཆོག་ནས་འཛམ་གླིང་ཡོངས་རྫོགས་ཀྱིས་ཆིག་སྒྲིལ་ཐོག་རྒྱ་ནག་གི་དྲང་བདེན་མ་ཡིན་པའི་བྱ་སྤྱོད་ལ་ཁ་གཏད་གཅོག་མགོ་བརྩམས་ཡོད་སྐོར་གསུངས་འདུག

ཟླ་འདིའི་ཕྱི་ཚེས་ ༢ ཉིན་ཨ་རིའི་རྒྱལ་སྲིད་ལྷན་ཁང་གི་གཞུང་འབྲེལ་དྲ་བའི་སྟེང་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་འདས་པའི་ལོ་མང་རིང་ནས་རྒྱ་ནག་ནང་ཡོད་པའི་ཨ་རིའི་གཞུང་ཚབ་པ་དང་དོན་གཅོད་ཚོར་རྒྱ་ནག་གི་མི་མང་དང་ལྷན་དུ་འབྲེལ་ལམ་འཛུགས་ཐབས་དང་། རིག་གཞུང་དུས་སྟོན་དང་ཚོགས་འདུ་བསྡུ་སྐོང་གིས་མཚོན་པའི་རྒྱུན་ལྡན་གྱི་གཞུང་འབྲེལ་བྱ་འགུལ་ཁག་སྤེལ་རྒྱུར་ཚད་བཀག་དང་བར་ཆད་བཟོ་མུས་ཡིན་པར་བརྟེན། ཨ་རིས་ངོས་ནས་ཀྱང་དེར་མཚུངས་ཨ་རིའི་ནང་ཡོད་པའི་རྒྱ་ནག་གི་གཞུང་ཚབ་པ་དང་དོན་གཅོད་ཚོ་ཨ་རིའི་སློབ་གྲྭ་ཆེན་མོ་ཁག་ཏུ་འགྲོ་སྐྱོད་དང་། ས་གནས་གཞུང་འབྲེལ་མི་སྣར་ཐུག་འཕྲད། དེ་བཞིན་གཞུང་ཚབ་ཁང་ནས་མི་མང་ ༥༠ ལས་མང་བའི་རིག་གཞུང་དུས་སྟོན་རིགས་གོ་སྒྲིག་བྱ་བར་ཨ་རིའི་གཞུང་ནས་ཆོག་མཆན་ཞུ་དགོས་པའི་བཀའ་རྒྱ་བསྒྲགས་ཡོད་འདུག

དེ་འབྲེལ་རྒྱལ་སྲིད་ལྷན་ཁང་གི་བཀའ་ཁྱབ་ནང་། རྒྱ་ནག་གཞུང་གིས་ཨ་རིའི་གཞུང་ཚབ་པར་ཚད་བཀག་བྱས་མིན་ལ་མ་ལྟོས་པར། ད་བར་ཨ་རིའི་ནང་ཡོད་པའི་རྒྱ་ནག་གི་ཕྱི་འབྲེལ་སྐུ་ཚབ་ཚོར་ཨ་རིའི་སྤྱི་ཚོགས་ནང་ཞུགས་རྒྱུའི་རང་དབང་ཆ་ཚང་ཐོབ་ཡོད། འོན་ཀྱང་རྒྱ་ནག་གིས་དུས་ཡུན་རིང་པོའི་རིང་ཨ་རིའི་ཕྱི་འབྲེལ་སྐུ་ཚབ་རྣམ་པའི་བྱ་འགུལ་ལ་ཚད་བཀག་བཟོས་པ་མ་ཟད། ཕྱོགས་གཉིས་བར་འདྲ་མཉམ་དང་གཉིས་མོས་བསམ་ཤེས་ཀྱི་གཞི་རྩའི་གནད་དོན་ཐད་ལེགས་བཅོས་གཏོང་ཐབས་བྱས་མེད་སྟབས། ཨ་རིའི་རྒྱལ་སྲིད་ལྷན་ཁང་ངོས་ནས་རྒྱ་ནག་གི་ཕྱི་འབྲེལ་སྐུ་ཚབ་ཚོར་ཆ་རྐྱེན་གསར་པ་འགའ་ཁ་སྣོན་མ་བྱེད་ཀ་མེད་ཆགས་སོང་། ཞེས་དང་། རྒྱ་ནག་གཞུང་གིས་ཨ་རིའི་གཞུང་ཚབ་ཁང་དག་ལ་རང་དབང་གི་ཐོག་ནས། རྒྱ་ནག་ནང་གི་སྤྱི་ཚོགས་དྲ་ལམ་བཀོལ་སྤྱོད་བྱ་རྒྱུར་ཚོད་འཛིན་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་གི་མི་མང་ཚོར་ཊུ་ཝི་ཊར་དང་། ངོ་དེབ་ལྟ་བུའི་སྤྱི་ཚོགས་དྲ་ལམ་སྤྱོད་རྒྱུར་བཀག་བསྡོམ་བྱས་ཡོད་སྟབས། ཨ་རིའི་ངོས་ནས་རྒྱ་ནག་གི་གཞུང་ཚབ་དང་དོན་གཅོད་ཁག་གི་སྤྱི་ཚོགས་དྲ་ལམ་དག་ངོས་འཛིན་ར་སྤྲོད་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག

གནད་དོན་དེ་དང་འབྲེལ་ནས། ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས། ཨ་རིའི་ཐག་གཅོད་དེ་རྒྱུ་མཚན་ཡང་དག་མེད་པར། རྒྱ་ནག་གི་གཞུང་ཚབ་པ་དང་དོན་གཅོད་མི་སྣར་བཀག་འགོག་བྱས་པ་ཞིག་ཡིན་སྐོར་དང་། དུས་རྒྱུན་ཨ་རིས་བཤད་བཞིན་པའི་རང་དབང་དང་གུ་ཡངས་ཞེས་པ་དང་རྒྱབ་འགལ་ཡིན་སྐོར་བརྗོད་ཡོད་ན་ཡང་། གསལ་བསྒྲགས་ནང་ཨ་རིའི་ངོས་ནས་རྒྱ་ནག་ཙམ་དུ་མ་ཟད། ཕྱིའི་རྒྱལ་ཁབ་ཚང་མས་ཨ་རིའི་གཞུང་ཚབ་དང་ཕྱི་འབྲེལ་སྒྲིག་འཛུགས་ཁག་ལ་རང་རང་གི་གཞུང་འབྲེལ་བྱ་འགུལ་རིགས་སྤེལ་བར་བཀག་འགོག་མི་བྱ་རྒྱུར་ནན་སྐུལ་བྱས་ཡོད་ལ། གལ་ཏེ་རྒྱ་ནག་གིས་ནོར་བ་ཡོ་བསྲང་གིས་ཨ་རིའི་ཕྱི་འབྲེལ་སྐུ་ཚབ་རྣམ་པའི་བྱ་འགུལ་ལ་ཚོད་འཛིན་བྱེད་མཚམས་བཞག་པ་ཡིན་ན། ཨ་རིའི་ངོས་ནས་ཀྱང་བཀའ་རྒྱ་གསར་བ་དེ་ཕྱིར་འཐེན་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག

འདི་ལོའི་ཕྱི་ཟླ་ ༨ ཚེས་ ༥ ཉིན་ཨ་རིའི་རྒྱལ་སྲིད་ལྷན་ཁང་གིས་བོད་ནང་འགྲོ་འོང་འདྲ་མཉམ་གྱི་ཁྲིམས་ཡིག་གི་དགོངས་དོན་གཞིར་བཟུང་། བོད་ནང་འགྲོ་འོང་གི་གནས་སྟངས་སྐོར་གྱི་ལོ་འཁོར་སྙན་ཐོ་ཐོག་མའི་ནང་། འདས་ལོར་ཁྲིན་ཏུར་བཅའ་སྡོད་ཨ་རིའི་དོན་གཅོད་ཀྱི་ལས་མི་སི་ཁྲོན་དང་ཡུ་ནན་ཞིང་ཆེན་གྱི་བོད་རིགས་འདུས་སྡོད་ཁུལ་དུ་སྐྱོད་སྐབས། བོད་ཀྱི་དགོན་པ་རེ་འགའི་ནང་འགྲོ་རྒྱུར་བཀག་འགོག་བྱེད་པ་དང་། ས་གནས་ཀྱི་ཆོས་ལུགས་མི་སྣར་ཐུག་འཕྲད་བྱེད་དུ་མི་འཇུག་པ། དེ་བཞིན་ཁྲིན་ཏུའི་ཨ་རིའི་སྤྱི་ཁྱབ་དོན་གཅོད་པས་བླ་རུང་སྒར་དང་ཡ་ཆེན་སྒར་གྱི་བླ་མ་ཚོར་མཇལ་འཕྲད་ཡོང་ཆེད་ཡང་ཡང་ཆོག་མཆན་ཞུས་ནའང་སྤྲད་མེད་པ་དང་། དོན་གཅོད་ཀྱི་ལས་མིར་ཆོག་མཆན་མེད་པར་རྔ་བ་ཁུལ་དུ་འགྲོ་སྐབས། ས་གནས་གཞུང་གིས་ཆོག་མཆན་མེད་པར་འགྲོ་མི་ཆོག་པ་དང་། བྱ་སྤྱོད་དེ་ནི་མ་འོངས་བའི་སྐོར་སྐྱོད་ལ་འགོག་རྐྱེན་བཟོ་གཞི་ཞིག་ཡིན་སྐོར་ཉེན་བརྡ་བཏང་ཡོད་འདུག སྤྱི་ཡོངས་ནས་རྒྱ་ནག་གི་ས་ཁུལ་གཞན་དང་བསྡུར་ན། ཨ་རིའི་ཕྱི་འབྲེལ་སྐུ་ཚབ་དང་གསར་འགོད་པ་སོགས་བོད་ནང་འགྲོ་རྒྱུ་དང་བོད་མིར་འབྲེལ་ལམ་འཛུགས་རྒྱུར་དཀའ་ཁག་ཆེ་བ་ཡོད་སྐོར་བཀོད་ཡོད་པ་རེད།

རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་དེ་ཨ་རིའི་སྲིད་འཛིན་ཊོམ་ཕུ་ཡི་སྲིད་སྐྱོང་འོས་བསྡུའི་བསྒྲགས་གཏམ་ནང་གི་ཕྱི་འབྲེལ་སྲིད་བྱུས་གལ་ཆེན་ཞིག་ཡིན་པ་དང་། འདས་པའི་དུས་ཡུན་ཐུང་ཐུང་ནང་ཊོམ་ཕུ་སྲིད་གཞུང་གིས་ཨ་རྒྱའི་ཚོང་འབྲེལ་དང་། ཕྱི་འབྲེལ་འདྲ་མཉམ་ཡོང་ཆེད། ཨ་རིའི་ནང་ཡོད་པའི་རྒྱ་ནག་གི་གསར་ཁང་ཁག་གི་བྱ་འགུལ་ལ་སྟངས་འཛིན་དང་། དེ་བཞིན་རྒྱ་ནག་གི་བཟོ་ཚོང་ཆེ་ཁག་དང་། ཕྱི་འབྲེལ་དྲིལ་བསྒྲགས་ལས་གཞི་ཁག་ལ་ཚོད་འཛིན་གྱིས་མཚོན་པའི་སྲིད་བྱུས་མི་ཉུང་བ་ཞིག་གཏན་འབེབ་བྱས་ཡོད་སྟབས། ད་ལྟའི་ཆར་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ན་ཡང་། ཕྱི་ཚེས་ ༡ ཉིན་ཨ་རིའི་རྒྱལ་སྲིད་དྲུང་ཆེ་མེག་པོམ་པེ་མཆོག་གིས་ཨ་རིའི་ཧྥོག་སི་གསར་ཁང་ (Fox News) ལ་བཅར་འདྲིའི་སྐབས། འཛམ་གླིང་ཡོངས་རྫོགས་ཀྱིས་ཆིག་སྒྲིལ་ཐོག་རྒྱ་ནག་གི་དྲང་བདེན་མ་ཡིན་པའི་བྱ་སྤྱོད་ལ་ཁ་གཏད་གཅོག་མགོ་བརྩམས་ཡོད་པ་དང་། རྒྱ་གར་དང་། ཨོ་གླིང་། ཉི་ཧོང་། ལྷོ་ཀོ་རི་ཡ་ལྟ་བུའི་རྒྱལ་ཁབ་ཚོས་ཨ་རི་དང་མཉམ་དུ་བསྒྲིལ་ཏེ་རྒྱ་ནག་ལ་ཕར་རྒོལ་བྱེད་མུས་ཡིན་སྐོར་གསུངས་ཡོད་པ་རེད།ཡང་ཁོས་མུ་མཐུད་རྒྱ་ནག་གི་ཕྱི་འབྲེལ་དྲིལ་བསྒྲགས་ལག་ཆ་ཞིག་ཏུ་ངོས་འཛིན་བྱས་པའི་ཨ་རིའི་སློབ་ཆེན་ཁག་ཏུ་ཡོད་པའི་ཁུང་ཙི་སློབ་གླིང་དེ་དག འདི་ལོའི་ལོ་མཇུག་ཙམ་ནས་སྒོ་བརྒྱབ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཅེས་དང་། གཞན་ཡང་ཡོང་རྒྱུའི་བདུན་ཕྲག་རྗེས་མའི་ནང་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་བཅུས་སྒྲུབ་པའི་ལྷན་ཚོགས་དང་། དེ་བཞིན་རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་གྱི་རྒྱལ་ཁབ་དང་ལྷན་དུ་དྲ་ལམ་བརྒྱུད། རྒྱ་ནག་གི་གནད་དོན་སྐོར་གླེང་སློང་བྱ་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༡༡ ཉིན་རྫ་ཆུ་བཞུར་ཤུལ་གྱི་རྒྱལ་ཁབ་དག་དང་མཉམ་འབྲེལ་གྱི་ལས་གཞི་ཞིག་སྒོ་འབྱེད་བྱ་རྒྱུ་ཡིན་སྐོར་སོགས་བརྗོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༩/༠༣

Leave a Reply