ཡ་ཧོ་སྤྱི་གཉེར་ཁང་གིས་རྒྱ་ནག་དང་གསང་འབྲེལ་བྱས་པའི་གནས་ཚུལ་འོག་ཁྲིམས་གཏུག་བྱས།

རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་ཞིག་གིས་ཡ་ཧོ་སྤྱི་གཉེར་ཁང་གིས་མི་སྒེར་གསང་བ་རྒྱ་ནག་གཞུང་ལ་སྤྲད་ཡོད་པའི་གནས་ཚུལ་འོག་ཁྲིམས་གཏུག་བྱེད་བཞིན་ཡོད་འདུག
དེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཨ་རིའི་ནང་སྐྱབས་བཅོལ་དུ་ཡོད་པའི་རྒྱ་རིགས་དམངས་གཙོ་འཐབ་རྩོད་པ་ནན་ཤིན་ཧོ་(Ning Xianhua) ལགས་ཀྱིས། ཨ་རིའི་དྲ་རྒྱ་ཞབས་ཞུའི་བཟོ་གྲྭ་ཡ་ཧོ་(Yahoo)ཡིས། རང་ཉིད་རྒྱ་ནག་གཞུང་ལ་རྩིས་སྤྲོད་ཀྱི་བཙོན་འཇུག་ཁྲིམས་ཆད་ཕོག་པའི་བདེན་དཔང་ལུང་འདྲེན་གྱིས། ཨ་རིའི་མངའ་སྡེ་ཁ་ལི་ཧྥོ་ནེ་ཡའི་ནང་ཡ་ཧོ་བཟོ་གྲྭ་མཉམ་འཛུགས་བྱེད་མཁན་དང་སྤྱི་གཉེར་བ་ཟུར་བ་(Jerry Yang)དང་དབུས་རྒྱུན་ཟུར་བ་ཁག་ཅིག་བཅས་ཁྲིམས་གཏུག་བྱེད་བཞིན་ཡོད་འདུག

མང་གཙོ་འཐབ་རྩོད་པ་ནན་ཤིན་ཧོ་ལགས་ཀྱིས། ཡ་ཧོ་ཡིས་ཁོའི་ཡིག་འབྲེལ་རྣམས་རྒྱ་ནག་གཞུང་ལ་རྩིས་སྤྲོད་ཀྱིས། ཚབ་ཏུ་ཡ་ཧོ་རྒྱ་ནག་གི་ཁྲོམ་རར་ཞུགས་ཆོག་པའི་ཐབས་ལམ་བཙལ་ཡོད། ཅེས་འགྲེལ་བརྗོད་བྱས་ཡོད་པ་དང་། ཁོང་གིས་ཐེངས་འདིར་ཡ་ཧོ་ཨ་རིའི་ཁྲིམས་གཏུག་དོན། ཕྱི་ལོ་ ༢༠༠༤ ལོར་ཁོང་རྒྱ་ནག་གཞུང་གིས་འཛིན་བཟུང་བྱེད་སྐབས་ཡ་ཧོ་དང་རྒྱ་ནག་གཞུང་བར་གྱི་གསང་བའི་ཁྲིམས་འཛིན་གྲོས་ཆོད་ཅིག་རྙེད་སོན་བྱུང་ཡོད་པ་དང་། གསང་བའི་གྲོས་ཆོད་དེའི་ནང་འཐབ་རྩོད་པ་ནེ་ཤེན་ཧྥ་ལགས་ཀྱི་ཡིག་འབྲེལ་བྱས་པའི་གནས་ཚུལ་ཡོངས་རྫོགས་འདུས་ཡོད་འདུག

དེ་འབྲེལ་གནད་དོན་ཐད། ནན་ཤིན་ཧོ་ལགས་ཀྱི་ཁྲིམས་རྩོད་པ་གེ་ཝིན་པཱར་ཁར་(Kevin Parker) ལགས་ཀྱིས།  གསང་བའི་གནས་ཚུལ་དེ་དག་བརྒྱུད་སྐུ་ཞབས་ནེ་ཤེན་ཧྥ་ལགས་འཛིན་བཟུང་དང་བཙོན་འཇུག མནར་གཅོད་སོགས་མྱངས་དགོས་བྱུང་ཡོད་པ་དང་། སྐབས་དེར་ཡ་ཧོ་མ་གཏོགས་རྒྱ་ནག་གཞུང་ལ་འཐབ་རྩོད་པ་ནན་ཤིན་ཧོ་ལགས་སྒེར་གྱི་གནས་ཚུལ་རྩིས་སྤྲོད་ཐུབ་མཁན་མེད། ཅེས་བརྗོད་ཡོད་པ་དང་། ཐེངས་འདིར་ཁོས་ཨ་རིའི་ཁྲིམས་ལུགས་ལྟར། ཨ་རིའི་མི་སེར་མ་ཡིན་པ་ཚོར་ཨ་རིས་ཚོགས་སྡེ་གང་རུང་ཞིག་གིས་རྒྱལ་ཁབ་གཞན་གྱི་མི་སེར་གྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བར་རམ་འདེགས་བྱས་ཡོད་ཚེ། ཁྲིམས་གཏུགས་བྱེད་ཆོག་གི་ཡོད་པ་ལྟར་ཁྲིམས་གཏུག་བྱེད་བཞིན་ཡོད་འདུག

ཡ་ཧོ་ཡིས་ཐེངས་གཅིག་ཙམ་མིན་པར་དེ་སྔོན་རྒྱ་ནག་གཞུང་ལ་མི་སྒེར་གྱི་གནས་ཚུལ་རྩིས་སྤྲོད་བྱེད་མྱོང་བ་ཁས་ལེན་བྱས་ཡོད་པ་དང་།  ཕྱི་ལོ་ ༢༠༠༥ ལོར་རྒྱ་ནག་གི་གསར་འགོད་པ་(Shi Tao)ལགས་སུ་རྒྱལ་ཁབ་ཀྱི་གསང་བ་ཕྱི་བསྒྲགས་བྱས་པའི་ཉེས་མིང་འོག་ལོ་ ༡༠ བཙོན་འཇུག་ཁྲིམས་ཐག་བཅད་རྗེས། ཡ་ཧོ་ཡིས་གསར་འགོད་པ་ཁོའི་གནས་ཚུལ་རྒྱ་ནག་ལ་རྩིས་སྤྲོད་བྱས་པ་ཁས་ལེན་བྱས་ཡོད་འདུག

ནན་ཤིན་ཧོ་ལགས་ནི་རྒྱ་ནག་གི་དྲུག་བཞིའི་དོན་རྐྱེན་སྐབས་ཀྱི་མང་གཙོའི་ལས་འགུལ་བ་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༠༤ ལོར་རྒྱལ་ཁབ་མགོ་རྟིང་སློག་པའི་ཉེས་མིང་འོག་ལོ་ ༧ རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ལོར་ཁོང་རྒྱ་ནག་ནས་ཨ་རིར་སྐྱབས་བཅོལ་དུ་ཡོང་སྟེ། ད་ལྟ་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་གནས་སྡོད་བྱེད་ཀྱི་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༩/༠༣

Leave a Reply