ནང་སོག་སྐད་ཡིག་རང་དབང་གི་ངོ་རྒོལ་ཤུགས་ཆེ་རུ་འགྲོ་བཞིན་འདུག

རྒྱ་ནག་གཞུང་གིས་འདི་ལོའི་སློབ་མགོ་ཚུགས་པ་དང་བསྟུན་ནང་སོག་རང་སྐྱོང་ལྗོངས་ནང་སྐད་གཉིས་སློབ་གསོ་ཟེར་བའི་རྒྱ་སྒྱུར་སློབ་གསོ་ལག་བསྟར་བྱས་པར་ཡུལ་དེའི་སློབ་ཕྲུག་དང་ཁྱིམ་བདག་ཚོས་ངོ་རྒོལ་ཤུགས་ཆེར་བྱེད་བཞིན་ཡོད་འདུག

དེ་རིང་བྷེ་བྷེ་སི་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཚེས་ ༡ ཉིན་རྒྱ་ནག་རྒྱལ་ཡོངས་ཀྱི་སློབ་མགོ་གསར་པ་བཙུགས་པ་དང་བསྟུན། རྒྱ་ནག་གཞུང་གིས་གཏན་འབེབ་བྱས་པའི་སྐད་གཉིས་སློབ་གསོ་ཟེར་བ་ནང་སོག་རང་སྐྱོང་ལྗོངས་ནང་དངོས་སུ་ལག་བསྟར་བྱས་ཏེ། རིམ་གྱིས་ཆབ་སྲིད་རིག་པ་དང་ལོ་རྒྱུས། སྐད་ཡིག་དང་རྩོམ་རིག་བཅས་སློབ་ཚན་གསུམ་ནང་སོག་གི་སྐད་ཡིག་ཐོག་སློབ་ཁྲིད་བྱེད་པར་མཚམས་འཇོག་བྱས་ཏེ། རྒྱའི་སྐད་ཡིག་གི་ལམ་ནས་སློབ་ཁྲིད་བྱེད་པར་མགོ་རྩོམ་གྱི་ཡོད་སྟབས། ཡུལ་དེའི་སློབ་མ་དང་ཕ་མས་རྒྱ་ནག་གི་སྲིད་བྱུས་དེར་ངོ་རྒོལ་ཤུགས་ཆེར་བྱེད་བཞིན་ཡོད་པ་མ་ཟད། གནད་དོན་དེ་དང་འབྲེལ་ནས་ཉུང་མཐར་མི་གཉིས་ཀྱིས་རང་ཤི་བརྒྱབ་ཡོད་པ་དང་། ད་ལྟའི་ཆར་སྐད་ཡིག་རང་དབང་གི་ལས་འགུལ་དེ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་འདུག

དེ་འབྲེལ་གནས་ཚུལ་ནང་། ཕྱི་ཚེས་ ༡ ཉིན་ནང་སོག་རང་སྐྱོང་ལྗོངས་ཀྱི་ནའེ་མན་རྫོང་(Naiman)ཁོངས་སུ་ལོ་ལྟར་སློབ་ཕྲུག་ ༡༠༠༠ ཙམ་གྱིས་སློབ་འཇུག་གི་ཐོ་འགོད་བྱེད་ཀྱི་ཡོད་ནའང་། ཐེངས་འདིར་སློབ་ཕྲུག་གྲངས་ ༤༠ ཙམ་ལས་བྱུང་མེད་པ་དང་ཕྱིས་སུ་རེ་འགའི་བསམ་བློ་འགྱུར་ཏེ་མཐར་སློབ་མ་གྲངས་ ༡༠ ཙམ་ལས་མ་བྱུང་སྟབས། དགེ་རྒན་རྣམས་ཁྱིམ་ཚང་རེ་རེར་བཏང་སྟེ་ཕྲུ་གུ་སློབ་གྲྭར་བསྐྱལ་དགོས་སྐོར་བརྗོད་སྐབས། ཕ་མ་ཚོས་སྐད་གཉིས་སློབ་གསོ་དེ་ཡིས་རང་ཉིད་ཀྱི་སྐད་ཡིག་ལ་གནོད་ཚབ་ཆེན་པོ་འབྱུང་བའི་བློ་འཚབ་ཡོད་སྟབས་སློབ་གྲྭར་གཏོང་གི་མིན་སྐོར་འགྲེལ་བརྗོད་བྱས་ཡོད་འདུག

ཡང་ཨ་རིར་གནས་སྡོད་ལྷོ་སོག་པའི་འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁང་(Southern Mongolian Human Rights Information Center)གི་གནས་ཚུལ་སྤེལ་བའི་ནང་། སློབ་མགོ་ཚུགས་པའི་ཉིན་དང་པོར་སློབ་མ་འབུམ་ ༣ ལྷག་གིས་རྒྱ་ནག་གི་སྐད་ཡིག་སྲིད་བྱུས་དེར་ངོ་རྒོལ་བྱས་ཏེ་སློབ་གྲྭར་ཕྱིན་མེད་པ་དང་། དེ་ལ་བརྟེན་ནས་རྒྱ་ནག་གཞུང་གིས་ཕ་མར་གནོན་ཤུགས་སྤྲད་དེ་སློབ་མ་སློབ་གྲྭར་གཏོང་དགོས་པའི་བཙན་བཀའ་བཏང་སྟབས། ཉུང་མཐར་མི་གཉིས་ཀྱིས་རང་ཤི་བརྒྱབས་ཡོད་པ་དང་། དེ་བཞིན་ནང་སོག་རླུང་འཕྲིན་ཁང་དང་ནང་སོག་བརྙན་འཕྲིན་ལས་ཁུངས་ཀྱི་ལས་བྱེད་ ༣༠༠ ལྷག་འཛོམས་ཏེ། སྐད་གཉིས་སློབ་གསོའི་སྲིད་བྱུས་གསར་པར་ངོ་རྒོལ་ཡོད་པའི་བསྒྲགས་གཏམ་ཞིག་ལ་མཚན་རྟགས་བརྒྱབ་ཡོད་པ་དང་། ཕྲུ་གུ་སློབ་གྲྭར་མ་བཏང་བ་ལ་བརྟེན་ཕ་མ་ལས་གནས་ནས་ཕུད་ཚེ་ལས་བྱེད་ཡོངས་ཀྱིས་དགོངས་ཞུ་བྱ་རྒྱུ་ཡིན་པའི་ཐག་གཅོད་བྱུང་སྐོར་བཀོད་ཡོད་འདུག

ད་ལྟའི་ཆར་ནང་སོག་རང་སྐྱོང་ལྗོངས་ཀྱི་སློབ་གྲྭ་ཕལ་མོ་ཆེའི་ནང་སློབ་མ་མེད་པར་སྟོང་བར་ལུས་ཡོད་འདུག་ལ། ནང་སོག་ཐུང་ལའོ་སློབ་འབྲིང་གི་ (Mongolia’s Tongliao municipality) སློབ་མ་རྣམས་ཁྲོམ་གཞུང་ལ་བུད་དེ་ནང་སོག་གི་སྐད་ཡིག་སྲུང་སྐྱོབ་དགོས་སྐོར་དང་། སློབ་མ་ཚོ་སློབ་གྲྭར་འགྲོ་རྒྱུ་མིན་པའི་ཁྲོམས་སྐོར་བྱས་ཡོད་འདུག དེ་བཞིན་ནང་སོག་ཧོ་ལོན་པོར་སློབ་གྲྭ(Mongolia’s Hulun-boir League)དང་ནང་སོག་སློབ་གྲྭའི་ (Inner Mongolia Normal School) སློབ་མ་སྟོང་འགས་ནང་སོག་གི་སྐད་ཡིག་ནི་ནང་སོག་གི་རིག་གཞུང་གི་ཆ་ཤས་གལ་ཆེན་ཞིག་ཡིན་སྟབས་ནམ་ཡང་བརྗེད་མི་སྲིད་སྐོར་དང་། རང་ཉིད་ཀྱི་སྙིང་སྟོབས་དང་ཟུང་ཁྲག་གིས་ཕ་སྐད་སྲུང་སྐྱོབ་བྱེད་དགོས་སྐོར་གྱི་སྐད་འབོད་བྱས་ཏེ་སྐད་གཉིས་སློབ་གསོའི་སྲིད་བྱུས་ལ་ངོ་རྒོལ་བྱས་ཡོད་འདུག

རྒྱ་ནག་གཞུང་གིས་ངོ་རྒོལ་བྱུང་ཁུལ་གྱི་ས་གནས་སོ་སོར་ཉེན་རྟོག་མི་སྣ་འགྲེམས་འཇོག་ཤུགས་ཆེན་བྱེད་པ་དང་། སྤྱི་ཚོགས་དྲ་ལམ་དུ་གནས་ཚུལ་བཀག་སྡོམ་བྱེད་ཀྱི་ཡོད་འདུག ཧོར་ཆིན་རྫོང་ (Horqin) མི་མང་ཉེན་རྟོག་ལས་ཁུངས་ཀྱིས་མི་གྲངས་ ༡༣༠ ཙམ་གྱི་པར་རིས་དྲ་ཐོག་ཏུ་བཞག་ཏེ། མི་དེ་ཚོ་ནི་སློབ་ཕྲུག་གི་ངོ་རྒོལ་སྐུལ་སློང་བྱེད་མཁན་ཡིན་པའི་དོགས་གཞི་ཡོད་པས་ཉེན་རྟོག་ལས་ཁུངས་སུ་རང་འགུལ་གྱིས་མགོ་འདོགས་བྱེད་དགོས་པ་དང་། མི་མང་སུ་ཞིག་ལ་མི་དེ་དག་གི་གནས་ཚུལ་ལ་རྒྱུས་མངའ་ཡོད་པ་དང་། དེ་དག་གི་གནས་ཚུལ་ཉེན་རྟོག་ལས་ཁུངས་སུ་ཡར་ཞུ་བྱས་ཚེ་རྒྱ་སྒོར་སྟོང་གཅིག་གི་རྔན་པ་པ་སྤྲོད་ཀྱི་ཡིན་སྐོར་བསྒྲགས་འདུག དེ་བཞིན་ནང་སོག་མི་རིགས་ཡིན་པའི་དམར་ཤོག་ཚོགས་པའི་ཚོགས་མི་ཚོས་ཕྱི་ཚེས་ ༣ ཉིན་ནས་རང་ཉིད་ཀྱི་ཕྲུ་གུ་སློབ་གྲྭར་ངེས་པར་བསྐྱལ་དགོས་པ་དང་། དེ་མིན་དམར་ཤོག་ཚོགས་མིའི་ཁོངས་ནས་ཕྱིར་ཕུད་བྱ་རྒྱུ་ཡིན་པ་དང་། སྲིད་གཞུང་གི་རོགས་རམ་ཐོབ་བཞིན་པའི་སྤྱི་དམངས་ཚོས་གཅིག་མཚུངས་སུ་རང་ཉིད་ཀྱི་ཕྲུ་གུ་སློབ་གྲྭར་མ་བཏང་ཚེ། རོགས་སྐྱོར་བསྐྱར་དུ་ལེན་པའི་ཆ་རྐྱེན་མ་ཚང་བ་ཡིན་སྐོར་ཀྱི་གསལ་བསྒྲགས་བྱས་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༩/༠༤

Leave a Reply