ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མི་ཞིག་གིས་འོས་ཁོངས་ནས་ཕྱིར་འཐེན་བྱས།

ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མིར་ལངས་མཁན་རྭ་རྒྱ་བསྟན་འཛིན་གྱིས་བློ་ཕམ་དང་བཅས་སྲིད་སྐྱོང་འོས་མི་ལས་ཕྱིར་འཐེན་བྱས་པ་ཡིན་ལུགས་གསལ་བསྒྲགས་གནང་འདུག

འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་གྱི་བོད་མིའི་དམངས་གཙོའི་སྒེར་ལངས་གསུམ་བཅུའི་དུས་དྲན་དང་བསྟུན། ཧྥ་རན་སིའི་ནང་གནས་སྡོད་རྭ་རྒྱ་བསྟན་འཛིན་ལགས་ནས་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མིར་ལངས་པ་ཡིན་ཞེས་གསལ་བསྒྲགས་གནང་ཡོད་ཀྱང་། ཁ་སང་ཕྱི་ཚེས་ ༣ ཉིན། ཁོང་སྲིད་སྐྱོང་འོས་མི་ལས་ཕྱིར་འཐེན་བྱས་པ་ཡིན་པའི་གསལ་བསྒྲགས་གནང་འདུག

འདི་ག་བོད་ཀྱི་དུས་བབ་གསར་འགོད་པས་ཁོང་ལ་ག་རེ་བྱས་ནས་འོས་ཁོངས་ནས་ཕྱིར་འཐེན་བྱས་པ་ཡིན་དྲིས་པར་ཁོང་གིས། གལ་སྲིད་ན་གཞོན་རེ་ཟུང་བྱུང་ན་། དེ་དག་དང་མཉམ་དུ་ཐ་མའི་བར་ཏུ་འགྲོ་དགོས་བསམ་ཡོད་མོད། འོན་ཀྱང་ད་ལྟའི་འོས་མི་དེ་དག་ནི་མི་ཚེ་ཕྱེད་ཀ་གཞུང་གི་ལས་ཀ་བྱས་ནས་བསྡད་ཀྱང་དམིགས་བསལ་གྲུབ་འབྲས་མེད་པ་ཞེ་ཅིག་སོང་ཙང་། དེ་དག་དང་མཉམ་དུ་འགྲན་བསྡུར་བྱ་འདོད་བྱུང་མ་སོང་སྐོར་བརྗོད་བྱུང་།

འདི་གའི་གསར་འགོད་པས་རྭ་རྒྱ་བསྟན་འཛིན་ལགས་སུ་སྲིད་སྐྱོང་འོས་མི་ནས་ཕྱིར་འཐེན་བྱེད་དགོས་པའི་རྒྱུ་མཚན་སྐོར་དྲིས་པར་ཁོང་གིས།  ང་སྲིད་སྐྱོང་ལ་ལངས་པའི་ཆེས་ཐོག་མའི་དམིགས་ཡུལ་དེ་ན་གཞོན་ཤེས་ཡོན་ཅན་མང་དག་ཅིག་སྲིད་སྐྱོང་འོས་མིར་ལངས་ཐུབ་ན་བསམ་པ་དེ་ཡིན་མོད། སྟབས་མ་ལེགས་པ་ཞིག་ལ་སྲིད་སྐྱོང་གི་བཞུགས་ཁྲི་དེ་སླར་ཡང་ལས་བྱེད་རྒན་པ་ཚོས་འཚོ་རྟེན་ལྟ་བུ་ཞིག་ཏུ་བསྒྱུར་བ་དེ་ལས་གྲོལ་ཐུབ་མ་སོང་། བྱས་ཙང་བློ་ཕམ་ཆེན་པོས་ངང་ཕྱིར་འཐེན་བྱས་པ་ཡིན་ལ། གལ་སྲིད་ན་གཞོན་རེ་ཟུང་བྱུང་ན། དེ་དག་དང་མཉམ་དུ་ཐ་མའི་བར་ཏུ་འགྲོ་དགོས་བསམ་ཡོད་མོད། འོན་ཀྱང་ད་ལྟའི་འོས་མི་དེ་དག་དང་མཉམ་དུ་འགྲན་བསྡུར་བྱ་འདོད་བྱུང་མ་སོང་། ཞེས་བརྗོད་བྱུང་།

སྲིད་སྐྱོང་འོས་མིར་ལངས་ཏེ་ཅུང་ཙམ་ལས་མ་སོང་བར་ཕྱིར་འཐེན་བྱས་པ་དེས། བཙན་བྱོལ་བོད་མིའི་དམངས་གཙོར་མཐོང་ཆུང་དང་། མ་འོངས་པར་སྤྱི་ཚོགས་ནང་ངེས་གཏན་མེད་པའི་མིག་ལྟོས་ངན་པ་འཇོག་པའི་གནས་ཚུལ་ཡོང་གི་རེད་བསམ་པ་བྱུང་སོང་ངམ་ཞེས་དྲིས་པར། དེ་ལྟར་གང་ཡང་བསམ་མ་བྱུང་། གང་ཡིན་ཞེ་ན་མཐོང་ཆུང་ནི་ནམ་ཡང་ཀུན་སློང་ངན་པ་ཞིག་གིས་དྲངས་ནས་ཡོང་དགོས་ཀྱི་ཡོད་པ་རེད། ངས་གནད་འགག་གི་དུས་འདིར་བོད་སྤྱི་པའི་ལས་དབང་ལ་སྒྱུར་བཅོས་གཏོང་ཐུབ་པའི་ན་གཞོན་སྲིད་སྐྱོང་ཞིག་ཡོང་བའི་རེ་བ་དང་། ལྷག་བསམ་གཙང་མ་ཞིག་ཁྱེར་ནས་རང་ཉིད་མདུན་དུ་ཐོན་པ་ཙམ་ལས་བཅའ་ཁྲིམས་རིན་པོ་ཆེ་དང་རང་གཞུང་ལ་མཐོང་ཆུང་བྱ་རྒྱུའི་དམིགས་ཡུལ་རྨི་ལམ་ལ་ཡང་འཁོར་མ་མྱོང་། ངས་བལྟས་ན་དེ་ལས་མ་འོངས་པར་བོད་སྤྱི་ལ་ལྷག་བསམ་དཀར་བའི་གཞོན་སྐྱེས་ཚོ་དཀའ་ཁག་གི་སྐབས་སུ། རང་ཉིད་དངོས་སུ་གདོང་ལ་ལངས་དགོས་པའི་མིག་དཔེ་ཡག་པོ་ཞིག་བཞག་ཡོད་སྙམ། ཞེས་བརྗོད་བྱུང་།

མ་འོངས་པར་བོད་དོན་ཆེད་ལས་ཀ་ག་རེ་གནང་འཆར་ཡོད་དྲིས་པར་ཁོང་གིས། ང་ལ་མཚོན་ན་གཞིས་བྱེས་གཉིས་ཀྱི་འབྲེལ་ལམ་འདི་ཧ་ཅང་ཉེན་ཁ་ཆེན་པོ་ཞིག་གི་སྒང་ལ་བསྡད་ཡོད་པ་མཐོང་གི་ཡོད། དེ་སྔོན་ལོ་མང་རིང་གཞིས་བཞུགས་སྤུན་ཟླ་ཚོར་བཙན་བྱོལ་གཞུང་འདི་ཧ་ཅང་གལ་ཆེན་པོ་ཡིན་ཚུལ་དང་བོད་ཀྱི་བདེན་མཐའ་གསལ་ཆེད་འུ་ཅག་བཙན་བྱོལ་བས་འོས་འགན་གང་དང་གང་ཡིན་པ། གཞིས་བཞུགས་སྤུན་ཟླ་ཚོར་འགན་འཁྲི་ཅི་ཞིག་ཡོད་པ་སོགས་ཀྱི་སྐོར་ལ་ངོ་སྤྲོད་བྱས་ནས་ཁོང་ཚོར་སེམས་ཤུགས་སྤར་ཐབས་ལ་འབད་པའི་ཁུལ་ཡིན་ལ་མ་འོངས་པར་མུ་མཐུད་ནས་འདི་ལ་འབད་རྩིས་ཡོད། དེ་མིན་སྤྱི་པའི་རྐུབ་སྟེགས་དེ་རྒན་རབས་པ་ཚོའི་འཚོ་རྟེན་ཆགས་ཚར་བས་ཁོང་ཚོར་དོ་ཕོག་གཏོང་རྩིས་མེད། ཅེས་བརྗོད་བྱུང་།

ཡང་ཁོང་གིས་དེ་འབྲེལ་གནད་དོན་སྐོར་ལ་དྲ་ལམ་བརྒྱུད་བརྙན་ཐུང་ཞིག་བཏང་བའི་ནང་། ཐེངས་འདིར་ཁོང་སྲིད་སྐྱོང་འོས་མིར་ལངས་དོན་བོད་པའི་སྤྱི་ཚོགས་ནང་སྲིད་སྐྱོང་འོས་མིར་མང་ཙམ་ལངས་མཁན་བྱུང་ན་བསམ་པ་ལས། མ་འོངས་པར་ཁོ་དྷ་རམ་ས་ལར་ཡོང་སྟེ་གངས་ཅན་སྐྱིད་གཤོངས་ཀྱི་སྲིད་སྐྱོང་སྟེགས་བུའི་སྒང་བསྡད་དེ། བོད་མི་ས་ཡ་དྲུག་གི་མགོ་འཁྲིད་བྱེད་འདོད་པ་མིན་ལ། དེ་ལྟར་ཐོབ་པའི་རེ་བ་ཡོད་པ་མ་རེད་ལ་འཇོན་ཐང་ཡང་ཡོད་པ་མ་རེད། ཡིན་ན་ཡང་ཁོང་སྲིད་སྐྱོང་ལ་ལངས་ཏེ་བསྒྲགས་གཏམ་སྤེལ་བ་དེས་བོད་ཀྱི་སྲིད་སྐྱོང་གི་འོས་བསྡུ་དེ་རྩེད་མོ་རྩེས་པ་འདྲ་བོ་གཏན་ནས་མ་རེད། སེམས་གཏིང་ནས་ལྷག་བསམ་རྣམ་དག་གིས་བོད་ཀྱི་སྲིད་སྐྱོང་འོས་མིར་མི་མང་ཙམ་དང་སྒྱུར་བཅོས་གཏོང་བའི་སྙིང་སྟོབས་ཡོད་མཁན་ཞིག་ཡོང་ན་བསམ་པས་ཡིན། ཞེས་དང་། ཁོང་ལ་དངོས་སུ་རྒྱབ་སྐྱོར་བྱེད་མཁན་རྣམས་ཀྱིས་འོས་ཤོག་ལྡུག་མ་ཐུབ་པར་དགོངས་དག་ཞུ་རྒྱུ་དང་། སྐྱོན་བརྗོད་དང་མིག་ཚ་མཁན་ཚོར་ཐུགས་རྗེ་ཆེ་ཞུ་ཡི་ཡོད་སྐོར་བརྗོད་སོང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༩/༠༤

Leave a Reply

7 thoughts on “ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མི་ཞིག་གིས་འོས་ཁོངས་ནས་ཕྱིར་འཐེན་བྱས།

  1. ཡག་པོ་སྡོད་ཨ།ཨོ་གོ།ཇོ་ལགས་བར་བསྐོར་འགྲོ་ནས་ཁྱེད་རང་ལ་རྔན་པ་འཁུར་ཡོང་དགོས།བི་གུ་འཁྲེགས་ཐོ་དེར་ཡིན་ན།

  2. བཀྲ་སྒྲོལ་མ

    ཀྱེ།ཁ་བདེ་པོ་ཡོང།སོ་སོའི་རྐུབ་ཡག་པོ་འཁྲུས་ཤེས་ཀྱིས་མིན་པ།ད་དུང་སྲིད་སྐྱོང་ལངས་ཀྱིས་ཟེར་བ་དེར་སྨྱོན་གཏམ་རེད།ཧ་ཧ་ཧ་ཧ།