ཨ་རིའི་སྲིད་འཛིན་ཆགས་ན༧གོང་ས་མཆོག་ལ་མཇལ་འཕྲད་ཞུ་རྒྱུ་ཡིན་སྐོར་བརྗོད།

ཨ་རིའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇོ་བྷའེ་ཌེན་ལགས་ཀྱིས་ཁོང་ལ་སྲིད་འཛིན་འཐོབ་ན་༧གོང་ས་མཆོག་ལ་མཇལ་འཕྲད་དང་བོད་དོན་ལ་སྔར་ལས་ཤུགས་སྣོན་གནང་རྒྱུ་ཡིན་སྐོར་གསུངས།ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་ཆེན་མོ་བསླེབ་ལ་ཉེ་བའི་སྐབས་འདིར། ཁ་སང་དམངས་གཙོ་ཚོགས་པའི་ཨ་རིའི་སྲིད་འཛིན་འོས་མི་དང་། ཨོ་བྷ་མའི་སྐབས་ཀྱི་སྲིད་འཛིན་གཞོན་པ་ཇོ་བྷའེ་ཌེན་ (Joe Biden) ལགས་ཀྱིས། ད་ལྟའི་སྲིད་འཛིན་ཊོམ་ཕུ་མཆོག་གིས་རྒྱ་ནག་ཐོག་འཛིན་བཞིན་པའི་སྲིད་བྱུས་ལ་ཞན་ཆ་ཡོད་པའི་སྐྱོན་བརྗོད་དང་སྦྲགས། གལ་སྲིད་ཁོང་ལ་སྲིད་འཛིན་གྱི་འོས་བསྡུའི་རྒྱལ་ཁ་འཐོབ་ཚེ། ཁོང་གིས་༧གོང་ས་མཆོག་ལ་མཇལ་འཕྲད་གནང་རྒྱུ་ཡིན་པ་མ་ཟད། ཨ་རིའི་རྒྱ་ནག་ཐོག་འཛིན་བཞིན་པའི་སྲིད་བྱུས་མཁྲེགས་འཛིན་གྱིས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་འབྲེལ་ཡོད་མི་སྣར་ཉེས་ཆད་གཅོད་རྒྱུ་ཡིན་སྐོར་བརྗོད་འདུག

ཇོ་བྷའེ་ཌེན་ (Joe Biden) ལགས་ཀྱིས། ངའི་འཛིན་སྐྱོང་གིས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་གྱི་རྒྱ་ནག་གི་ལས་བྱེད་ཚོར་ཉེས་ཆད་གཏོང་རྒྱུ་དང་། བོད་མི་ཚོར་རྒྱབ་སྐྱོར་མཚོན་སླད་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་རྒྱ་སྐྱེད་ཀྱིས། བོད་ནང་གི་གནས་ཚུལ་རྒྱལ་སྤྱིའི་སྟེང་བསྒྲགས་ཐབས་བྱ་རྒྱུ་ཡིན། ཞེས་བརྗོད་ཡོད་པ་དང་། ད་རེས་ཀྱི་གཏམ་བཤད་ཁྲོད་ཁོང་གིས་ཨ་རིའི་གྲོས་ཚོགས་ནང་དམིགས་བསལ་བོད་དོན་སྐུ་ཚབ་བསྐོ་གཞག་དང་ཨ་རིའི་ནང་ཡོད་པའི་བོད་མི་རྣམས་དང་། ཨ་རིའི་གཞུང་འབྲེལ་མི་སྣ་དང་གསར་འགོད་པ་སོགས་བོད་ནང་འགྲོ་འོང་འདྲ་མཉམ་ཡོང་བར་འབད་བརྩོན་བྱ་རྒྱུ་ཡིན་སྐོར་སོགས་བརྗོད་ཡོད་པ་རེད།

བདུན་འདིའི་ནང་ཨ་རིའི་སྲིད་འཛིན་གྱི་འོས་བསྡུའི་དྲིལ་བསྒྲགས་ཁྲོད་བོད་དོན་སྐོར་ལ་གླེང་སློང་ཤུགས་ཆེན་བྱུང་ཞིང་། ཕྱི་ཚེས་ ༢ ཉིན་སྤྱི་མཐུན་ཚོགས་པའི་སྲིད་འཛིན་གཞོན་པའི་འོས་མི་དང་། ད་ལྟའི་རྒྱལ་སྲིད་དྲུང་ཆེ་མེག་ཕོམ་པེ་མཆོག་གིས།  རྒྱ་ནག་གཞུང་གིས་ཆ་རྐྱེན་གང་ཡང་མེད་པའི་ཐོག ༧གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་བོད་རྒྱ་འབྲེལ་མོལ་བྱེད་དགོས་པའི་འབོད་སྐུལ་གནང་ཡོད་པ་མ་ཟད། ཉེ་སྔོན་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་དེ་ཞི་ཅིན་ཕིན་གྱི་ལྟ་གྲུབ་འོག་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་དང་མཐུན་པར་བཟོ་བ་དང་། ཁ་བྲལ་རིང་ལུགས་ལ་འཐབ་རྩོད་ནན་མོ་བྱེད་ཀྱི་ཡིན་སྐོར་བསྒྲགས་པར་ཨ་རིའི་གཞུང་ལ་སེམས་འཚབ་ཡོད། ཅེས་གསུངས་ཡོད་པ་རེད།

གཞན་ཡང་། ཇོ་བྷའེ་ཌེན་ (Joe Biden)ལགས་ཀྱིས། སྲིད་འཛིན་ཊོམ་ཕུ་མཆོག་གི་བོད་དང་འབྲེལ་རྒྱ་ནག་ཐོག་འཛིན་བཞིན་པའི་སྲིད་བྱུས་ལ་ཞན་ཆ་ཡོད་པའི་སྐྱོན་བརྗོད་དང་འབྲེལ། སྲིད་འཛིན་ཊོམ་ཕུ་མཆོག་ནི་འདས་པའི་ལོ་ངོ་ ༣༠ རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཐུག་འཕྲད་མ་གནང་བའི་ཨ་རིའི་སྲིད་འཛིན་ཐོག་མ་དེ་ཆགས་ཀྱི་ཡོད་པ་དང་། ཊོམ་ཕུ་གཞུང་གིས་བོད་དོན་ཐོག་གལ་གནད་ཆེ་བའི་དམིགས་བསལ་སྐུ་ཚབ་བསྐོ་བཞག་མ་ཐུབ་པ་དང་། རྒྱ་ནག་གི་མགོ་འཁྲིད་ཚོས་གང་འདོད་ཀྱིས་བོད་དང་ཧོང་ཀོང་ནང་དྲག་གནོན་གྱི་སྲིད་བྱུས་རྒྱ་སྐྱེད་གཏོང་བཞིན་པར་ཁག་མི་འདུག ཅེས་ད་ལྟའི་སྲིད་གཞུང་ལ་སྐྱོན་བརྗོད་གནང་ཡོད་འདུགཇོ་བྷའེ་ཌེན་ལགས་ནི་ཕྱི་ལོ་ ༡༩༤༢ ལོར་ཨ་རིའི་མངའ་སྡེ་པན་སོ་ཝི་ནེ་ཡའི་ནང་སྐྱེས་ཤིང་། ཕྱི་ལོ་  ༡༩༧༣ ནས་ ༢༠༠༩ བར་ཨ་རིའི་གྲོས་ཚོགས་འཐུས་མི་དང་། ཕྱི་ལོ་ ༢༠༠༩ ནས་ ༢༠༡༧ བར་སྐབས་ ༤༧ པའི་ཨ་རིའི་སྲིད་འཛིན་གཞོན་པའི་ལས་འཁུར་གནང་ཞིང་།  ད་ལྟ་དམངས་གཙོ་ཚོགས་པའི་ཕྱི་ལོ་ ༢༠༢༠ ལོའི་ཨ་རིའི་སྲིད་འཛིན་གྱི་འོས་མིར་བཞེངས་ཡོད་པ་རེད།

ཇོ་བྷའེ་ཌེན་ལགས་སྲིད་འཛིན་གཞོན་པ་ཡིན་སྐབས་སྲིད་འཛིན་ཨོ་བྷ་མའི་ཕྱག་རོགས་སུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་མཇལ་འཕྲད་ཐེངས་གསུམ་གནང་མྱོང་ཡོད་པ་དང་། ཕྱི་ལོ་ ༢༠༠༨ ལོར་ཨ་རིའི་གྲོས་ཚོགས་འཐུས་མི་བྷར་བྷ་རཱ་(Barbara Boxer)ལགས་དང་ལྷན་དུ་སྐབས་དེའི་ཨ་རིའི་སྲིད་འཛིན་བྷོ་ཤི་ལགས་སུ་ཞུ་ཡིག་ཅིག་ཕུལ་ཏེ། བོད་ནང་གི་གནས་སྟངས་གླེང་སློང་དགོས་པའི་འབོད་སྐུལ་ཞུས་པ་སོགས་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་མཁན་ཞིག་ཡིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༩/༠༤

Leave a Reply

One thought on “ཨ་རིའི་སྲིད་འཛིན་ཆགས་ན༧གོང་ས་མཆོག་ལ་མཇལ་འཕྲད་ཞུ་རྒྱུ་ཡིན་སྐོར་བརྗོད།