ཕྱུག་པོ་ཚོས་དབུལ་པོ་ཚོར་རོགས་རམ་བྱས་ཏེ་འཛམ་གླིང་གི་དབུལ་ཕྱུག་སྙོམ་རྒྱུ་གལ་ཆེ།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཨེ་ཤ་ཡའི་ནང་པ་ཚོར་མཚོན་ན་དབུ་མ་རྩ་བ་ཤེས་རབ་གཙོ་བོར་གྱུར་བའི་གཞུང་དེ་དག་ང་རང་ཚོའི་ཕ་མེས་ཀྱི་ཆོས་ཆགས་བསྡད་ཡོད་པས་འདོན་པ་ཙམ་མ་ཡིན་པར་ནང་དོན་ལ་སློབ་སྦྱོང་བྱ་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་། དེ་རིང་སྔ་དྲོའི་ཆུ་ཚོད་ ༩ སྟེང་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྷོ་ཨེ་ཤ་ཡའི་དད་ལྡན་དོན་གཉེར་ཅན་རྣམས་ལ་ཐད་གཏོང་བརྒྱུད། ཉིན་གྲངས་ ༣ རིང་གི་དངུལ་ཆུ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མ་དང་། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་དབུ་འཛུགས་གནང་སོང་བ་དང་། དེ་རིང་ཁ་སང་འཛམ་གླིང་འདིའི་ནང་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་ཡོང་བཞིན་ཡོད་པ་དང་། དེ་དང་མཉམ་དུ་ཏོག་དབྱིབས་གཉན་རིམས་རྐྱེན་གྱིས་མི་མང་པོ་ཞིག་གི་ལས་ཀ་ཤོར་བ་སོགས་དཀའ་ངལ་ཆེན་པོ་འཕྲད་བཞིན་པའི་སྐབས་འདིར། ཕྱུག་པོ་ཚོས་དབུལ་བོ་རྣམས་ལ་རོགས་པ་བྱས་ཏེ་འཛམ་གླིང་གི་དབུལ་ཕྱུག་དོ་སྙོམ་པ་བྱ་རྒྱུ་གལ་ཆེན་ཡིན་སྐོར་བཀའ་སློབ་གནང་སོང་།

བཀའ་ཆོས་དབུ་འཛུགས་ཀྱི་ཐོག་མར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། དེ་རིང་ཁ་སང་དུས་ཚོད་འདིར་ཕྱི་དངོས་པོའི་ཡར་རྒྱས་ཞེ་བོ་ཕྱིན་བསྡད་པ་ཞིག་དང་། མི་མང་པོ་ཞིག་རྣམ་གཡེང་གི་ཐོག་ལ་འགྲོ་བསྡད་པའི་དུས་ཚོད་འདིར། སྤྱིར་འཛམ་གླིང་འདིར་ཡོད་བསྡད་པའི་རིས་སུ་མ་ཆད་པའི་ཆོས་ལུགས་དེ་དག་ཚང་མས་ཞི་བདེ་དང་བྱམས་བརྩེ་གོང་སྤེལ་གཏོང་རྒྱུར་ཕན་ཐོགས་ཡོང་གི་ཡོད་པ་རེད། སྐབས་སུ་བབ་པ་ཞིག་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བདེན་བཞི་མི་རྟོག་སོགས་བཅུ་དྲུག་བསྟན་པའི་ཆོས་དེ་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་རྨང་གཞི་རེད། དེ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་བདེན་པ། ཀུན་འབྱུང་བདེན་པ། འགོག་པའི་བདེན་པ། ལམ་གྱི་བདེན་པ་ཞེས་བདེན་པ་བཞི་གསུངས་ནས། ང་ཚོས་མི་འདོད་པའི་སྡུག་བསྔལ་དེ་དག་རྒྱུ་ལ་བརྟེན་ནས་བྱུང་བ་ཡིན་སྟབས། རྒྱུ་དེར་བརྟག་དཔྱད་བྱེད་སྐབས་སེམས་ཁམས་རིག་པའི་ངོས་ནས་ང་ཚོར་ཆགས་སྡང་གིས་བྱེད་ཀྱི་ཡོད་དང་། ཆགས་སྡང་དེ་སེམས་ཀྱི་རང་བཞིན་ལ་ཞུགས་མེད་པ་ཞིག་ཡིན་པར་སེམས་ཀྱི་རང་བཞིན་འོད་གསལ་བ་ཞེས་གསུངས་ཡོད་སྐོར་གསུངས་སོང་།

ཡང་ཁོང་གིས། ནང་པ་སངས་རྒྱས་པའི་ཆོས་དེ་ཨེ་ཤ་ཡ་ཧྲིལ་བོར་ཁྱབ་བསྡད་པ་ཞིག་ཡིན་པ་དང་། ང་ཚོ་ཨེ་ཤ་ཡའི་ནང་པའི་ཡུལ་གྲུ་ཁག་དེ་དག་ཚང་མས་ཤེས་རབ་སྙིང་པོ་འདོན་གྱི་ཡོད་པ་དང་། དབུ་མ་རྩ་བ་ཤེས་རབ་གཙོ་བོར་གྱུར་བའི་གཞུང་དེ་དག་ང་རང་ཚོའི་ཕ་མེས་ཀྱི་ཆོས་ཆགས་བསྡད་ཡོད་པས། གལ་ཆེ་ཤོས་དེ་སློང་སྦྱོང་བྱ་རྒྱུ་གལ་ཆེན་ཆགས་ཡོད་པ་དང་། ད་ལྟའི་ཆར་ཤེས་རབ་སྙིང་པོ་དེ་འདོན་གྱི་ཡོད་པ་ལས་དེ་ལ་སློབ་གཉེར་བྱེད་མཁན་དཀོན་པོ་ཡིན་པ་དང་། ང་རང་ཆོས་དཔེ་ཆ་ཁག་གི་ཚིག་ཁ་འདོན་བྱས་པ་ཙམ་མ་ཡིན་པར་དོན་དག་ལ་བསམ་བློ་བཏང་ནས་སློབ་སྦྱོང་བྱ་རྒྱུ་དང་། དེ་ཡང་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་དེ་དག་ངེས་པར་དུ་ལྟ་དགོས་པ་གལ་ཆེན་རེད། དེ་ཁྱེད་རང་ཚོར་འབོད་སྐུལ་ཞུ་འདོད་བྱུང་སོང་། ཅེས་གསུངས་སོང་།དེ་རིང་འདིར་ང་ཚོ་ཨེ་ཤ་ཡའི་ཆོས་གྲོགས་མང་པོ་ཞིག་མཉམ་འཛོམས་བྱུང་ཡོད་པ་དང་། དེ་རིང་ཁ་སང་གི་ནད་ཡམས་དེའི་རྐྱེན་གྱིས་ང་ཚོས་གཟུགས་པོ་གཅིག་གིས་གཅིག་ལ་ཐུག་ནས་སྐད་ཆ་བཤད་ཐུབ་ཀྱི་མེད་ན་ཡང་། ང་ཚོས་འཕྲུལ་ཆས་ཀྱི་ལམ་ནས་མི་དང་མི་ཐུག་འཕྲད་གནང་བ་བཞིན་སྐད་ཆ་བཤད་ཀྱི་ཡོད་དུས། ང་རང་ངོས་ནས་ཞེ་དྲགས་དགའ་བོ་བྱུང་ལ་ཁྱེད་རང་ཚོའི་ངོས་ནས་དོན་གཉེར་ཆེན་པོ་བྱས་པ་རེད། འཛམ་གླིང་ནུབ་ཕྱོགས་ལ་མཚོན་ན་གཙོ་བོ་ཡེ་ཤེས་ཆོས་འཇིག་རྟེན་བཀོད་པ་པོའི་ཆོས་ལ་དད་མོས་བྱེད་བཞིན་ཡོད་པ་རེད། དེས་འཛམ་གླིང་གི་མི་མང་པོ་ལ་ཕན་ཐོགས་ཆེན་པོ་བྱུང་གི་ཡོད་པ་རེད། དེ་ཡང་འཇིག་རྟེན་བཀོད་པ་པོ་དེ་བྱམས་བརྩེའི་བདག་ཉིད་རེད་ཅེས་བཤད་བཞིན་པ་ལས་སྤྱིར་བཏང་གི་བདག་ཉིད་རེད་ཟེར་མཁན་སུ་གཅིག་མེད་སྟབས། འགྲིག་གི་ཡོད་པ་རེད། ཡེ་ཤེས་ཀྱི་ཆོས་ལ་དད་མོས་བྱེད་མཁན་ཚོ་ཡིན་ན་ང་ཚོ་ནང་པ་སངས་རྒྱས་པ་དང་རྒྱ་གར་གྱི་གཅེར་བུ་བའི་གསུང་ཡོད་པའི་ལྟ་གྲུབ་ཐོག་ནས་མི་མཐུན་པ་ཡོང་གི་ཡོད་ན་ཡང་། བསླབ་བྱ་གཙོ་བོ་དེ་བྱམས་བརྩེ་གསུང་གི་ཡོད་དུས་ཆོས་ལུགས་ཚང་མས་བསླབ་བྱ་གཅིག་པ་ཆགས་ཡོད་སྐོར་གསུངས་སོང་།

མཇུག་ཏུ་དྲི་བ་དྲིས་ལན་སྐབས་ད་ལྟའི་དུས་ཚོད་འདིར་འཛམ་གླིང་ཡོངས་སུ་ཏོག་དབྱིབས་གཉན་རིམས་ཀྱིས་མི་མང་པོ་ཞིག་གི་ལས་གནས་ཤོར་བ་དང་། དཀའ་ངལ་འཕྲད་པ་སོགས་ཡོང་གི་ཡོད་སྟབས་ཁོ་ཚོར་ཁ་ཡོད་ལག་ཡོད་ཀྱིས་རོགས་རམ་བྱེད་ཐུབ་པ་ག་རེ་ཡོད་སྐོར་དྲིས་པར་༧གོང་ས་མཆོག་གིས། དེ་རིང་ཁ་སང་འཛམ་གླིང་འདིའི་ནང་མི་གྲངས་སྟོང་ཕྲག་བདུན་བཅུ་ཡོད་པ་དེ་དག་ཁྲོད་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་ཡོང་བཞིན་ཡོད་པ་དང་། དེ་དང་མཉམ་དུ་ཏོག་དབྱིབས་གཉན་རིམས་རྐྱེན་གྱིས་མི་མང་པོ་ཞིག་གི་ལས་ཀ་ཤོར་བ་སོགས་དཀའ་ངལ་ཆེན་པོ་འཕྲད་བཞིན་པའི་སྐབས་འདིར། ཕྱུག་པོ་ཚོས་དབུལ་བོ་རྣམས་ལ་རོགས་པ་བྱས་ཏེ་འཛམ་གླིང་གི་དབུལ་ཕྱུག་དོ་སྙོམ་པ་བྱ་རྒྱུ་གལ་ཆེན་ཡིན་པ་དང་། རོགས་པ་བྱོས་ཟེར་བ་དེ་ཡང་ཕྲལ་སེལ་གྱི་ལྟོ་གོས་ཙམ་གྱི་ཆེད་མ་ཡིན་པར་སློབ་སྦྱོང་ཐོག་ལ་རོགས་པ་བྱེད་ཐུབ་ན་ཕན་ཐོགས་ཡོད་སྐོར་གསུངས་སོང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༩/༡༡

Leave a Reply