མུ་རུའི་གཏེར་ཁུལ་རྒྱལ་ཁབ་སྤྱི་གླིང་ལ་བསྒྱུར་རྒྱུ་ཡིན་ཟེར།

རྒྱ་ནག་གཞུང་གིས་མུ་རུའི་གཏེར་ཁུལ་གཙོ་གནད་དུ་བཟུང་སྟེ་མདོ་ལ་རིང་མོའི་ལྷོ་ངོས་ཀྱི་ས་ཁུལ་དུ་ལོ་གསུམ་རིང་རྒྱལ་ཁབ་སྤྱི་གླིང་ཟེར་བ་ཞིག་འཛུགས་སྐྲུན་བྱ་རྒྱུ་ཡིན་སྐོར་བསྒྲགས།

ཁ་སང་ཕྱི་ཚེས་ ༤ ཉིན། རྒྱ་ནག་གཞུང་འབྲེལ་བོད་ལྗོངས་དྲ་བ་ཟེར་བས་གནས་ཚུལ་སྤེལ་བ་ལྟར་ན། མཚོ་སྔོན་ཞིང་ཆེན་ཐེམ་ཆེན་རྫོང་མུ་རུ་རྩྭ་ཐང་གི་གཏེར་ཁ་སྔོག་པའི་གནད་དོན་ཐད་ཚོགས་འདུ་ཚོགས་ཏེ། གཏེར་ཁ་སྔོག་འདོན་བྱས་པའི་ས་ཁུལ་དེ་དག་སླར་གསོ་དང་བཅོས་སྒྲིག་བྱས་ཏེ། ལོ་གསུམ་ནང་གཏེར་ཤུལ་ས་དོང་ཤུལ་མེད་དང་། རི་དང་རྩྭ་ཐང་སྔོ་ལྗང་ཅན་ཏུ་བསྒྱུར་ཐུབ་པ་བྱས་ཏེ། རྒྱལ་ཁབ་སྣོད་བཅུད་སྤྱི་གླིང་ཞེས་པར་བསྒྱུར་རྒྱུ་ཡིན་པའི་ཐག་གཅོད་བྱས་ཡོད་འདུག

དེ་འབྲེལ་གནས་ཚུལ་ནང་། མཚོ་སྔོན་ཞིང་ཆེན་གྱིས་མུ་རུའི་གཏེར་ཁུལ་གཙོ་གནད་དུ་བཟུང་སྟེ། མདོ་ལ་རིང་མོའི་ལྷོ་ངོས་ཀྱི་ས་ཁུལ་ཡུག་གཅིག་དེ་ཕྱི་ལོ་ ༢༠༢༠ ནས་ ༢༠༢༣ བར་ལོ་གསུམ་རིང་། སྣོད་བཅུད་ཁོར་ཡུག་བཅོས་སྒྲིག་གི་ལོ་གསུམ་གྱི་ཇུས་གཞི་གཞིར་བཟུང་སྟེ། སྐྱེ་ཁམས་སླར་གསོའི་ལས་གྲྭ་གཙོ་གནད་ཅན་གཅིག་གྱུར་གྱིས་ལག་བསྟར་བྱས་ཏེ། སྒྲིག་སྲོལ་འཐུས་ཚང་དང་། ཁྲིམས་ལུགས་འཐུས་ཚང་། དོ་དམ་ནན་པོ། སྲུང་སྐྱོང་དམིགས་སར་བཟུང་ནས་རྒྱལ་ཁབ་སྣོད་བཅུད་སྤྱི་གླིང་ཞིག་ཏུ་བསྒྱུར་ཐུབ་པ་བྱ་རྒྱུ་ཡིན་སྐོར་བཀོད་འདུག

ཡང་གནས་ཚུལ་ནང་ས་ཁུལ་དེ་དག་སྤྱི་གླིང་མ་བསྐྲུན་སྔོན་ལ་སྲུང་སྐྱོབ་ཉམས་གསོའི་ལས་དོན་གང་མགྱོགས་ལག་བསྟར་བྱས་ཏེ། འདི་ལོའི་ཕྱི་ཟླ་ ༡༡ ནས་ ༡༢ བར་སྣོད་བཅུད་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་གསར་པ་འཚོལ་ཞིབ་དང་། ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༡ ནས་བཟུང་ ཕྱོགས་ཡོངས་ནས་ཉམས་གསོ་བཅོས་སྒྲིག་ལས་དོན་སྤེལ་རྒྱུ། དེ་བཞིན་ཕྱི་ལོ་ ༢༠༢༣ ལོའི་ཕྱི་ཟླ་ ༡༢ བར་ལོ་གསུམ་གྱི་ལས་དོན་མཇུག་གྲུབ་པ་བྱས་ཏེ་སྣོད་བཅུད་སྤྱི་གླིང་བསྐྲུན་ཚར་བ་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གི་ལམ་སྲོལ་ཆགས་ཐུབ་པ་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

མུ་རུའི་རྩྭ་ཐང་གི་རྡོ་སོལ་གཏེར་ཁ་སྔོག་འདོན་ནི་རྒྱ་ནག་གཞུང་གིས་ཁྲིམས་འགལ་ཡིག་ཆ་རྫུན་མའི་འོག་བོད་ཁུལ་གྱི་གཏེར་ལས་སྔོག་འདོན་ཆེས་ཆེ་ཤོས་ཤིག་ཆགས་ཡོད་པ་དང་། རྡོ་སོལ་གཏེར་ལས་དེ་འདས་པའི་ལོ་ངོ་བཅུ་ཕྲག་འགར་རྡོ་སོལ་ཏུན་ཁྲི་ ༢༥༠༠ ལྷག་སྔོག་འདོན་བྱས་ཏེ་ཁེ་སྤོགས་རྒྱ་སྒོར་དུང་ཕྱུར་ ༡༠༠ ལས་བརྒལ་བ་བླངས་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༧ པའི་ནང་རྒྱ་ནག་གི་ཞིན་ཆིན་བཟོ་གྲྭས་མུ་མཐུད་ཁྲིམས་འགལ་ངང་གཏེར་ལས་བྱེད་བཞིན་ཡོད་པའི་གནད་དོན་བརྒྱུད་ལམ་དུ་ཐོན་ཡོད་པ་དང་། རྒྱ་ནག་གཞུང་གིས་ཞིན་ཆིན་གྱི་མགོ་གཙོ་དང་མཚོ་སྔོན་ཞིང་ཆེན་གྱི་ཕྱུག་བདག་ཆེ་ཤོས་མཱ་ཧྲོ་ཝེ་(Ma Shaowei)འཛིན་བཟུང་བཙོན་འཇུག་དང་། ཁོ་དང་མཉམ་དུ་མཚོ་ནུབ་ཁུལ་གྱི་མགོ་འཁྲིད་ ༥ ལས་གནས་ནས་གཡུགས་ཏེ་ཞིབ་བཤེར་དང་ཁྲིམས་ཐག་བཅད་ཡོད་པ་རེད།

ཐེངས་འདིར་རྒྱ་ནག་གཞུང་གིས་གློ་བུར་ས་ཁུལ་དེ་དག་རྒྱལ་ཁབ་སྤྱི་གླིང་ལ་བསྒྱུར་རྒྱུའི་ལས་གཞི་དེ་ནི། བོད་ཁུལ་གྱི་རྩྭ་ཐང་དང་ས་ཁུལ་མང་པོ་སྣོད་བཅུད་སྲུང་སྐྱོབ་ཁུལ་ལ་སྒྱུར་བཞིན་ཡོད་སྐོར་བརྗོད་དེ། བོད་ཀྱི་འབྲོག་པ་མང་ཚོགས་ཀྱི་ལག་ནས་ས་ཆ་བཙན་འཕྲོག་དང་ཡུལ་སྐོར་སྤྲོ་འཆམ་པར་ལྟེ་གནས་བཟོ་བཞིན་ཡོད་སྟབས། ད་རེས་གཏེར་ལས་སྔོན་འགོག་གི་གོ་སྐབས་ལ་ཁ་གཡར་ནས་མུ་རུའི་རྩྭ་ཐང་ཙམ་མ་ཟད། མདོ་ལ་རིང་མོའི་ལྷོ་ངོས་ཀྱི་ས་ཁུལ་ཚང་མ་སྤྱི་གླིང་བཟོ་འཆར་ཡོད་པ་དང་། གནད་དོན་དེས་བོད་ཀྱི་འབྲོག་པ་མང་པོའི་འཚོ་གནས་ལ་དཀའ་ངལ་ཆེན་པོ་འཕྲད་གཞིར་གྱུར་ཡོད་པ་རེད།

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༥ ལོར་བོད་ཀྱི་རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས་སུ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་འབུམ་ ༢༥ ལྷག་ཡོད་པའི་གཙང་གསུམ་ཆུ་མགོར་འཛམ་གླིང་གི་ཆེས་ཆེ་བའི་སྤྱི་གླིང་ཞིག་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་ཡོངས་བསྒྲགས་བྱས་ཡོད་པ་དང་བསྟུན། རིམ་གྱིས་བོད་ཁུལ་གྱི་མཛེས་ལྗོངས་ས་ཁུལ་མང་པོ་ཞིག་ཡུལ་སྐོར་སྤྲོ་འཆམ་གྱི་ལྟེ་གནས་བཟོ་ཆེད། ཁོར་ཡུག་སྲུང་སྐྱོབ་ཀྱི་མིང་འོག་ནས་སྤྱི་གླིང་དང་སྐྱེ་ཁམས་སྲུང་རགས་ཟེར་བ་མང་པོ་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གིས་དེ་དག་ནི་ཡུལ་མིའི་དཔལ་འབྱོར་ཁེ་ཕན་དང་ཁོར་ཡུག་སྲུང་སྐྱོབ་ཆེད་ཡིན་སྐོར་བརྗོད་བཞིན་ཡོད་ཀྱང་། ལས་གཞི་ལག་བསྟར་སྐབས་ས་གནས་མི་མང་གི་ལག་ནས་ས་ཆ་ལེན་པ་དང་། རོང་འབྲོང་མང་ཚོགས་ཕྱིར་འཕུད་བཏང་བ། ཡུལ་སྐོར་བ་མང་དྲགས་པས་ཁོར་ཡུག་གནོད་སྐྱོན་དང་གད་སྙིགས་ཚབས་ཆེན་བཟོས་པ་སོགས་ཀྱི་གནད་དོན་མང་པོ་བྱུང་གི་ཡོད་འདུག

ཕྱི་ལོ་ ༡༩༥༩ ནས་རྒྱ་ནག་གཞུང་གིས་བོང་སྟག་མུ་རུའི་རྩྭ་ཐང་དུ་རྡོ་སོལ་སྔོག་མགོ་བརྩམས་ཤིང་། ཕྱི་ལོ་ ༡༩༨༠ ནང་ཙམ་ནས་བརྐོ་མཚམས་བཞག་ཡོད་འདུག ཕྱི་ལོ་ ༢༠༠༡ ཡས་མས་ནས་ཧོང་ཀོང་གི་ཧྭ་ལིས་ཞེས་པའི་གཏེར་ལས་ཁང་ཞིག་གིས་མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་ནས་མུ་རུའི་གཏེར་ཁ་བརྐོ་ཆོག་པའི་ཡི་གེ་ཟེར་བ་ཞིག་བླངས་ཏེ། ཡི་གེ་དེ་ཞིན་ཆིན་དང་ཅིན་ཐུའུ་ཏི་ཞེས་པའི་རྡོ་སོལ་ཁེ་ལས་ཁང་གཞན་གཉིས་ལ་བཙོངས་ཡོད་འདུག ཕྱི་ལོ་ ༢༠༠༥ ཡས་མས་སུ་ཁེ་ལས་ཁང་དེ་གཉིས་བར་གཏེར་ཁ་སྔོག་འདོན་གྱི་དབང་ཆའི་ཐད་ནས་རྙོག་དྲ་བྱུང་ཡོད་སྟབས། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་གྱིས་ཡིག་ཆ་ཨང་ ༢༩༦ ཅེས་པ་ཞིག་བཏོན་ཏེ། ཞིན་ཆིན་ཁེ་ལས་ཁང་གཅིག་པུར་མུ་རུའི་གཏེར་ཁ་བརྐོ་ཆོག་པའི་ཆོག་མཆན་སྤྲད་དེ་ལོ་ངོ་ ༡༠ ཙམ་རིང་གཏེར་ཁ་བསྔོགས་ཡོད་འདུག ས་ཁུལ་དེ་དག་ནི་མཚོ་སྔོན་པོ་དང་རྨ་ཆུ་སོགས་དང་འབྲེལ་བ་ཡོད་པས། གཏེར་ལས་ཤུགས་ཆེན་བྱས་པས་རང་བྱུང་སྐྱེ་ཁམས་མ་ལག་ལ་གཏོར་བརླག་ཐེབས་པ་མ་ཟད། བསྐྱར་གསོ་མི་ཐུབ་པའི་ཐོན་ཁུངས་ལའང་གཏོར་བརླག་ཆེན་པོ་ཐེབས་ཡོད་འདུག

ཕྱི་ལོ་ ༢༠༡༦ ལོར་ཞིབ་བཤེར་བྱས་པ་བརྒྱུད་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་ཟེར་བ་དེས་སྤྲད་པའི་གཞུང་ཡིག་ཨང་ ༢༩༦ ཞེས་པ་སྟེ། མུ་རུའི་རྡོ་སོལ་སྔོག་ཆོག་པའི་ཡིག་ཆ་དེ་ནི་རྫུན་མ་ཞིག་ཡིན་པ་ཤེས་རྟོགས་བྱུང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༨ ཟླ་ ༩ པའི་ནང་ཡིག་ཆ་ཨང་ ༢༩༦ ཅེས་པའི་ཡིག་ཆ་རྫུན་མ་བཟོ་མཁན་སྐབས་དེའི་མཚོ་སྔོན་ཚོང་དོན་ཐིན་གྱི་འགན་འཛིན་ཝང་ཞི་ཧེ་ (王熙惠) ཟེར་བའི་རྒྱ་མི་དེ་འཛིན་བཟུང་བྱས་ཡོད་ཀྱང་ཁྲིམས་ཆད་ག་རེ་བཅད་པ་སོགས་ཀྱི་གནས་ཚུལ་གང་ཡང་ཐོན་མེད་པ་རེད།

འབྲེལ་ཡོད་གསར་འགྱུར།གཞུང་ཡིག་རྫུན་མ་ཞིག་བེད་སྤྱད་དེ་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་བཟོ་བཞིན་པའི་མུ་རུ་རྩྭ་ཐང་། (པར)

གཞུང་འབྲེལ་ཡིག་ཆ་རྫུན་མ་སྤྲད་དེ་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་བཟོ་རུ་བཅུག

མུ་རུའི་རྩྭ་ཐང་ན་ཉིན་མཚན་བརྗེས་ནས་གཏེར་ཁ་སྔོག་གི་འདུག

མུ་རུའི་གཏེར་ཁ་སྔོག་མཁན་ཚོར་ཐག་གཅོད་བྱས་ཡོད་ཟེར།

 

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༩/༠༥

Leave a Reply