ཀུ་ཤུ་སྤྱི་གཉེར་ཁང་གིས་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་ཀྱི་སྲིད་བྱུས་བཏོན།

ཀུ་ཤུ་སྤྱི་གཉེར་ཁང་གི་རྒྱ་ནག་ལ་བསྟུན་མཁས་ཀྱི་ལས་འཆར་རྩིས་མེད་དུ་ཕྱིན་རྗེས་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་པའི་འཆར་ཟིན་ཞིག་བཏོན་ཡོད་འདུགཁ་སང་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་དཔལ་འབྱོར་དུས་བབ་ (Financial Times) གསར་ཤོག་གིས་གནས་ཚུལ་སྤེལ་བ་ལྟར་ན། འདས་པའི་ལོ་ཤས་རིང་ནས་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་ (International Tibet Network)། བོད་དོན་ལས་འགུལ་བསྟི་གནས་ཁང་ (Tibet Action Institute)། འཛམ་གླིང་ཡུ་གུར་ལྷན་ཚོགས་ (World Uyghur Congress)། དེ་བཞིན་རྒྱལ་སྤྱིའི་ SumofUs ཚོགས་པ་སོགས་ཀྱིས་ཞུ་འབོད་ལས་འགུལ་བསྟུད་མར་སྤེལ་བའི་རྐྱེན་གྱིས། ཀུ་ཤུ་སྤྱི་གཉེར་ཁང་ (Apple Inc) གི་ཆེས་མཐོའི་འགན་འཛིན་ལྷན་ཚོགས་ནས་ཐེངས་དང་པོར་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་ཀྱི་སྲིད་བྱུས་ (Human Rights Policy) མ་ཟིན་ཞིག་བཟོ་སྐྲུན་བྱས་ཏེ། རྗེས་ལོའི་སྤྱི་གཉེར་ཁང་གི་ཤེར་བདག་ (shareholder) གི་ཚོགས་འདུའི་སྟེང་འོས་བསྡུ་བརྒྱུད་གཏན་འབེབ་བྱ་རྒྱུ་ཡིན་འདུག

ཀུ་ཤུ་སྤྱི་གཉེར་ཁང་གི་འགྲོ་བ་མིའི་ཐོབ་ཐང་གི་སྲིད་བྱུས་ཞེས་པ་དེའི་ནང་། སྤྱི་གཉེར་ཁང་གི་ངོས་ནས་གནས་ཚུལ་ཤེས་རྟོགས་ཀྱི་རང་དབང་དང་སྨྲ་བརྗོད་རང་དབང་ལ་བརྩི་བཀུར་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་རྩ་འཛིན་དང་། རྒྱལ་སྲིའི་ངལ་སྩོལ་ཚོགས་པའི་ (International Labour Organization) ལས་ཞུགས་ཀྱི་གཞི་རྩའི་རིན་ཐང་དང་ཐོབ་ཐང་གཉིས་གཞིར་བཟུང་། ང་ཚོས་ཚོང་འབྲེལ་གྱི་བརྒྱུད་རིམ་ཁྲོད་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་བློ་བརྟན་འགྱུར་མེད་ཀྱིས་གུས་བརྩི་བྱེད་བཞིན་ཡོད། ཅེས་དང་། རྒྱལ་ཚོགས་ཀྱི་ལམ་སྟོན་གཞིར་བཟུང་། གལ་ཏེ་རྒྱལ་ཁབ་གྱི་ཁྲིམས་སྒྲིག་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་བར་འགལ་ཟླ་བྱུང་ཚེ། ང་ཚོས་རིན་ཐང་ཆེ་བ་དེར་རྗེས་སུ་འབྲང་གི་ཡོད། ཡང་གལ་ཏེ་རྩོད་རྙོག་བྱུང་ཚེ། ང་ཚོས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུས་པའི་ཐོག་ནས་རྒྱལ་ཁབ་སོ་སོའི་ཁྲིམས་བརྩི་སྲུང་བྱ་རྒྱུ་ཡིན། ཞེས་བཀོད་ཡོད་འདུའདི་ལོའི་ཕྱི་ཟླ་ ༢ པའི་ནང་ SumofUS རྒྱལ་སྤྱིའི་ལས་འགུལ་ཚོགས་པས། ཀུ་ཤུ་སྤྱི་གཉེར་ཁང་གིས་རྒྱ་ནག་ལ་བསྟུན་མཁས་ཀྱིས་གཞུང་གི་བཀོད་མངགས་བཞིན་རྒྱ་ནག་ནང་གི་ཀུ་ཤུའི་མཉེན་མཛོད་ནང་གི་མཉེན་ཆས་ནག་གསུབ་བཏང་བ་མ་ཟད། གཞུང་གིས་བཀག་སྡོམ་བྱས་པའི་མཉེན་ཆས་རིགས་ལྐོག་ནས་བཀོལ་སྤྱོད་ཐུབ་པར་བྱེད་པའི་ VPN མཉེན་ཆས་རིགས་ཀྱང་ནག་གསུབ་བཏང་བ་བརྒྱུད། རྒྱ་ནག་གི་གནས་ཚུལ་བཀག་སྡོམ་གྱི་དྲག་གནོན་སྲིད་བྱུས་ལ་བསྟུན་མཁས་བྱས་ཏེ། བོད་དང་། ཧོང་ཀོང་། ཤིན་ཅང་བཅས་ཀྱི་ནང་གི་མི་མང་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུ་ཡི་མེད་པར་སྐྱོན་བརྗོད་དང་སྦྲགས། ཀུ་ཤུ་སྤྱི་གཉེར་ཁང་ངོས་ནས་ལོ་ལྟར་འགྲོ་བ་མིའི་ཐོབ་ཐང་ཐད་གཞུང་འབྲེལ་སྲིད་བྱུས་འཛིན་ཕྱོགས་ཀྱི་སྙན་ཐོ་དང་། རྒྱ་ནག་ལྟ་བུས་མཉེན་ཆས་ག་གེ་མོ་བཀག་སྡོམ་བྱ་དགོས་པའི་འབོད་སྐུལ་རིགས་ལ་ཐག་གཅོད་ཇི་བྱེད་ཀྱི་སྙན་ཐོ་ཞིག་འདོན་དགོས་པའི་རེ་སྐུལ་ཞུས་པ་ལྟར། འདི་ལོའི་ཀུ་ཤུ་སྤྱི་གཉེར་ཁང་གི་ཤེར་བདག་གི་ཚོགས་འདུའི་སྟེང་། གྲོས་འཆར་དེར་ཤེར་བདག་བརྒྱ་ཆ་ ༤༠ ཡིས་མ་གཏོགས་རྒྱབ་སྐྱོར་བྱས་མེད་སྟབས། རང་བཞིན་གྱིས་རྩིས་མེད་དུ་ཕྱིན་ཡོད་པ་རེད།

ལས་འགུལ་བ་རྣམས་ཀྱིས་ཀུ་ཤུ་སྤྱི་གཉེར་ཁང་གི་འགན་འཛིན་ལྷན་ཚོགས་ཀྱིས་ཕབ་པའི་སྲིད་བྱུས་དེ་གོམ་པ་དང་པོ་ཡིན་ཡང་། རྒྱལ་ཁབ་གཅིག་ཀྱང་མིང་འདོན་བྱས་མེད་པ་མ་ཟད། ལྷག་པར་དུ་འབྱུང་འགྱུར་ཀུ་ཤུ་སྤྱི་གཉེར་ཁང་ངོས་ནས་རྒྱ་ནག་ལྟ་བུའི་དྲག་གནོན་ཅན་གྱི་རྒྱལ་ཁབ་ཚོས་རང་གི་མི་སེར་རྣམས་ལ་གནས་ཚུལ་བཀག་སྡོམ་གྱི་ཆེད་དུ། མཉེན་ཆས་ནག་གསུབ་གཏོང་ཐབས་ཀྱི་མཚོན་པའི་འབོད་སྐུལ་རིགས་ལ་ཇི་ལྟར་ཐག་གཅོད་བྱ་མིན་ཁ་གསལ་མེད་ཅིང་། སྤྱི་ཡོངས་ནས་སྲིད་བྱུས་དེའི་ནང་རྒྱལ་ཁབ་སོ་སོའི་ཁྲིམས་སྒྲིག་ལ་བརྩི་སྲུང་བྱ་རྒྱུ་ཡིན་སྐོར་བཀོད་ཡོད་སྟབས། རྗེས་ལོའི་ཀུ་ཤུ་སྤྱི་གཉེར་ཁང་གི་ཤེར་བདག་ཚོའི་ལོ་འཁོར་ཚོགས་འདུ་མ་འཚོག་གོང་ཤེར་བདག་རྣམས་ལ་འབོད་སྐུལ་ཡི་གེ་ཞིག་བསྐུར་རྒྱུ་ཡིན་སྐོར་བསྒྲགས་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༩/༠༥

Leave a Reply