ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་བསྡུ་དང་ང་ཚོའི་མ་འོངས་པ།

ཚེ་དབང་རིག་འཛིན།

ཀོ་ལམ་བི་ཡ་གཙུག་ལག་སློབ་ཁང་གི་མི་འབོར་ཞིབ་འཇུག་ལྟེ་གནས་ཁང་གི་ཉམས་ཞིབ་པ་དང་སྤྱི་ཚོགས་སྲིད་བྱུས་ཀྱི་འབུམ་རམས་པའི་སློབ་མ།

།རྩོམ་ཡིག་འདིའི་ནང་ངས་འབྱུང་འགྱུར་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་བསྡུའི་ཁྲོད་ཀྱི་འོས་མི་འདེམས་སྒྲུག་ཆེད་དུ་བེད་སྤྱོད་བྱས་པའི་ཆ་རྐྱེན་བཞི་བཀོད་ཡོད། ཆ་རྐྱེན་བཞི་པོ་དེ་དག་གཞིར་བཞག་སྟེ། ངའི་ ༢༠༢༡ ལོའི་སྲིད་སྐྱོང་འོས་མི་དེ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ཡིན་པ་གསལ་འདོན་བྱས་ཡོད་པ་མ་ཟད། སྐུ་ངོར་ཆ་རྐྱེན་བཞི་པོ་དེ་དག་འོས་མི་གཞན་ལས་ཇི་ལྟར་ལྷག་ཚུལ་ཁུངས་སྐྱེལ་བྱས་ཡོད། ངས་ཐོག་མ་ཉིད་ནས་གསལ་པོ་བཟོ་རྒྱུར། ཁོང་ལ་མོས་མཐུན་དང་རྒྱབ་སྐྱོར་བྱེད་དོན་ནི། ང་ཚོའི་ཐུན་མོང་ཁེ་ཕན་དང་མ་འོངས་པ་ཁོ་ནར་དམིགས་ནས་ཞུས་པ་ལས། ང་དང་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་བར་ལ་སྒེར་གྱི་འབྲེལ་བ་གང་ཡང་མེད་པ་མ་ཟད་ཀུན་སློང་གཞན་གང་ཡང་མེད།

འོང་ལ་ཉེ་བའི་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་བསྡུ།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་བཟང་པོའི་འོག་ལ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱིས་བཙན་བྱོལ་བའི་ཉམས་མྱོང་ཐོག་ནས་གྲུབ་འབྲས་ཧ་ལས་པའི་ཡག་པོ་ཐོན་དང་འཐོན་བཞིན་ཡོད། དེ་དག་ཁྲོད་ནས་གཟེངས་སུ་ཐོན་པའི་གྲུབ་འབྲས་གཅིག་ནི། བཙན་བྱོལ་བོད་མིའི་ཆབ་སྲིད་ལམ་ལུགས་མང་གཙོའི་རང་བཞིན་ཅན་དུ་འགྱུར་བཞིན་པ་དེ་ཡིན། སྤྱིར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཕྱོགས་ཡོངས་ཀྱི་མང་གཙོའི་ལག་བསྟར་ཐད་ལ་ཡར་རྒྱས་ཆེན་པོ་ཕྱིན་ཡོད། འོན་ཀྱང་བྱིས་པ་ལན་མང་འགྱེལ་གྱིན་འགྱེན་གྱིན་གོམ་པ་སྤོ་ཐབས་སྦྱོང་བ་ནང་བཞིན། སྲིད་སྐྱོང་གི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་ཐེངས་བཞི་པའི་(༢༠༡༦)སྐབས་སེམས་ཁྲལ་བྱེད་དགོས་པའི་གནད་དོན་འགའ་ཤས་བྱུང་བ་རེད། ངའི་རེ་བ་ལ། ད་ཆ་ང་ཚོས་དེ་ནས་བསླབ་བྱ་བླངས་ཡོད་པའི་རེ་བ་ཞུ་ཡི་ཡོད།

ད་ལྟའི་ལས་ཐོག་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེངྒེ་ལགས་ཀྱི་ལས་ཡུན་གཉིས་ལ་མཇུག་བསྒྲིལ་ལ་ཉེ་བ་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མ་འོངས་པའི་སྲིད་སྐྱོང་འོས་བསྡུའི་ཆེད་དུ་གྲ་སྒྲིག་བྱེད་བཞིན་ཡོད། མང་གཙོའི་ལམ་ལུགས་ལྡན་པའི་གཞུང་ཞིག་ལ་འོས་འཕེན་རྒྱུ་མེད་ན་སྙིང་པོ་མེད་ལ། དེ་བཞིན་འོས་མིར་ཞིབ་འཇུག་གང་ཡང་མེད་པའི་འོས་འཕེན་པས་མང་གཙོ་ཉེན་ཁའི་ནང་ལྷུང་འཇུག་གི་ཡོད་པ་རེད། དཔེར་ན། ཇར་མ་ནིའི་རྒྱལ་ཡོངས་སྤྱི་ཚོགས་རིང་ལུགས་ཚོགས་པ་ཞེས་པ་ཡོངས་གྲགས་སུ་ནཱ་ཛི་ཚོགས་པ་ཞེས་པ་དེ་ཕྱི་ལོ་ ༡༩༣༢ ལོའི་ཇར་མི་ནིའི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུའི་ནང་ཆབ་སྲིད་ཚོགས་པ་ཆེ་ཤོས་ཆགས་པ་རེད། ངས་ཕྱི་ལོ་ ༢༠༡༡ ལོར་བཀའ་བློ་ཁྲི་པ་དང་སྤྱི་འཐུས་འོས་བསྡུའི་ནང་འོས་ཤོག་བླུག་འགོ་བཙུགས་པ་ནས་བཟུང་སོ་སོའི་འོས་ཤོག་གི་ཐོབ་ཐང་དང་ལས་འགན་ཐད་ལ་དོ་ནན་པོ་བྱེད་ཀྱི་ཡོད་ཅིང་། ག་དུས་ཡིན་ཡང་སོ་སོའི་ཡིད་ཆེས་ཀྱི་ཐོག་ནས་འོས་བླུགས་པ་མ་གཏོགས་མི་གཞན་གྱིས་ཤུགས་རྐྱེན་སྤྲད་པ་གང་ཡང་མེད། ངས་འོས་མི་དེར་སྲིད་སྐྱོང་ལ་ཚང་དགོས་པའི་འོས་ཆོས་གལ་ཆེ་བ་དེ་འདྲ་ཞིག་དགོས་པའི་བསམ་བློར་ཡོད་པ་བཞིན་ཚང་གི་ཡོད་ན། སོ་སོ་དང་ཆོལ་ཁ་གཅིག་པ་མིན་ཀྱང་འོས་མི་དེར་འོས་བླུགས་པར་ཐེ་ཚོམ་མེད་མཁན་ཞིག་ཡིན་ལ། ངའི་འོས་མིའི་ཞིབ་འཇུག་སྒྲོམ་གཞིའི་ནང་ལ་འོས་མི་དེའི་ཕ་ཡུལ་གང་ཡིན་གྱིས་ཁྱད་པར་སྤུ་ཙམ་བཟོ་ཡི་མེད།  འདས་པའི་ལོ་རྒྱུས་ཐོག་བྱུང་བའི་བཙན་བྱོལ་བའི་སྤྱི་ཚོགས་ཀྱི་ཆབ་སྲིད་གནད་དོན་འགའ་ཤས་ཀྱི་ཉམས་མྱོང་ལ་དཔྱད་ཞིབ་གཟབ་ནན་བྱས་ཚེ། བཙན་བྱོལ་སྤྱི་ཚོགས་ནང་ཤོག་ཁའི་འཐེན་འཁྱེར་ནི་གཞི་རྩའི་ཆབ་སྲིད་ཀྱི་མངོན་འདོད་འགྲུབ་པར་འགོག་རྐྱེན་ཆེ་ཤོས་ཆགས་ཀྱི་ཡོད། ངས་ཉེན་ཁ་འདི་ལ་དོ་སྣང་ཆེན་པོ་བྱས་པའི་ཐོག་ནས་ནང་ཁུལ་འཐེན་འཁྱེར་རིགས་ལས་རྟག་ཏུ་གཡོལ་ཐབས་བྱེད་ཀྱི་ཡོད་ལ། གལ་ཏེ་ང་ཚོས་བོད་ནང་གི་བོད་མི་ཚོར་རང་དབང་དགོས་པ་དང་། གཟི་བརྗིད་ལྡན་པའི་ཐོག་ནས་ཕྱིར་ལོག་བྱེད་འདོད་ཡོད་ན།  ང་ཚོ་ཚང་མ་དེ་བཞིན་བྱེད་དགོས་པའི་ཡིད་ཆེས་བྱེད་ཀྱི་ཡོད།

སྲིད་སྐྱོང་འོས་མི་ཡག་པོ་ཞིག་འདེམས་རྒྱུའི་ཆེད་དུ་ངའི་ཆ་རྐྱེན་གང་དང་གང་ཡིན་ནམ།

སྲིད་སྐྱོང་འོས་མི་ཡག་པོ་ཞིག་འདེམས་རྒྱུའི་སྒྲོམ་གཞིའི་ནང་ལ་ང་རང་གིས་གལ་ཆེ་ཤོས་བརྩི་བའི་ཆ་རྐྱེན་གཙོ་བོ་བཞི་ཡོད་དེ། (༡) འོས་མི་དེའི་ཆབ་སྲིད་ལངས་ཕྱོགས་༸གོང་ས་མཆོག་གི་བོད་ཀྱི་འཆར་སྣང་དང་གཅིག་མཚུངས་ཡིན་མིན། (༢) འོས་མི་དེ་ལ་བོད་ནང་གི་བོད་མིའི་ལ་ཞེན་དང་བཙན་བྱོལ་བོད་མིའི་ཆིག་སྒྲིལ་ཉར་སྲུང་བྱེད་པའི་ནུས་པ་ཡོད་མེད། (༣) འོས་མི་དེར་བོད་ཀྱི་རྩ་དོན་འགྲུབ་རྒྱུར་རྒྱལ་སྤྱིའི་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་རྒྱུའི་ནུས་པ་ཡོད་མེད། (༤) མཐའ་མ་དེར་འོས་མི་དེར་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་ཚགས་ཚུད་བྱེད་རྒྱུའི་རྩལ་ཡོད་མེད་བཅས་ཡིན།

འོས་མི་སུ་དང་སུ་ལ་ཆ་རྐྱེན་ཡོངས་རྫོགས་ཚང་གི་ཡོད་མེད་དང་། ངའི་འོས་མི་སུ་ཡིན།

སྡིངས་ཆ་འདྲ་མིན་ཐོག་ཐོན་པའི་ནུས་པ་ཡོད་པའི་འོས་མི་ཕལ་ཆེ་བར་དགོས་ངེས་ཆ་རྐྱེན་འདི་དག་རྒྱ་ཆེ་ཆུང་ལ་མ་ལྟོས་པར་ཚང་འདུག འདི་འདྲ་སོང་ཙང་། གལ་ཏེ་འོས་མི་ཚང་མར་ཆ་རྐྱེན་འདི་དག་གིས་དཔྱད་ཞིབ་བྱས་པ་ཡིན་ན། སུས་སྐར་གྲངས་མང་བ་ལེན་ཐུབ་མིན་འདི་དྲི་བ་རེད།  སུས་སྐར་གྲངས་མང་པ་བླངས་པ་དེ་ཉིད་ངའི་འོས་མི་ཆགས་ཀྱི་ཡོད། ངས་དུས་ཚོད་རིང་ཐུང་ལ་མ་ལྟོས་པར་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མི་གཙོ་ཆེར་ཕལ་ཆེ་བའི་ལྷན་དུ་ལས་ཀ་བྱེད་མྱོང་ཡོད་ལ། ལས་ཀའི་ཐོག་ནས་འབྲེལ་བ་མེད་པའི་འོས་མི་ཚོ་ཡང་སྒེར་ངོས་ནས་ངོ་ཤེས་ཀྱི་ཡོད། ངས་ཁོང་ཚོ་ཚང་མ་སྒེར་གྱི་ངོས་ནས་བོད་གངས་ཅན་བོད་ཀྱི་མ་འོངས་པའི་ཆེད་དུ་སེམས་ཁུར་དང་ཆོད་སེམས་བརྟན་པོ་ཡོད་པའི་འཇོན་ཐང་ཅན་ཤ་སྟག་ཡིན་པ་ཤེས་ཀྱི་ཡོད། དེའི་དབང་གིས་ངའི་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མི་གཅིག་དྲག་འདེམས་བྱེད་པར་དཀའ་ལས་ཕྲན་བུ་བྱུང་། མཐར་བསམ་གཞིག་མང་པོ་བྱས་རྗེས་ངས་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མིའི་ཁྲོད་ནས་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་སོ་སོའི་འོས་མིར་ཐག་བཅད་པ་ཡིན།

ངའི་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མི་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ཡིན་དོན་ཅི།

ངས་གོང་དུ་ཞུས་པའི་ཆ་རྐྱེན་བཞི་གཞིར་བཞག་ཐོག བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་རང་ཉིད་ཀྱི་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མི་ཡིན་པའི་རྒྱུ་མཚན་ཞུ་ཡི་ཡིན།

དང་པོ། ༸གོང་ས་མཆོག་གི་བོད་ཀྱི་འཆར་སྣང་དང་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ཀྱི་ཆབ་སྲིད་ལངས་ཕྱོགས།

 བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ཀྱིས་ཕྱི་ལོ་ ༡༩༧༧ ལོར་དཱིལླཱི་མཐོ་སློབ་ནས་ཆབ་སྲིད་རིག་པའི་ཆེད་སྦྱོང་སློབ་ཚན་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་མཐར་སོན་མ་ཐག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་ལྷག་བསམ་རྣམ་དག་གིས་ཞབས་ཕྱི་ཞུས་གནང་བ་མ་ཟད། ད་ལྟའི་ཆ་ལའང་དཱིལླཱི་སྐུ་ཚབ་དོན་གཅོད་ཁང་དུ་སྐུ་ཚབ་དོན་གཅོད་ཀྱི་ཕྱག་ལས་གནང་བཞིན་པའི་ཐོག་སྐུ་ཚེ་ཧྲིལ་པོ་ཞབས་ཕྱི་ཞུས་དང་ཞུ་མུས་རེད། སྐུ་ངོའི་སྐུ་ཚེ་ཧྲིལ་པོ་༸གོང་ས་མཆོག་གི་དགོངས་པ་སྒྲུབ་ཐབས་ཐོག་བོད་མིའི་སྒྲིག་འཛུགས་ལ་ཞབས་ཕྱི་ཞུས་དང་ཞུ་བཞིན་པར་བརྟེན། སྐུ་ངོས་༸གོང་ས་མཆོག་གི་དགོངས་གཞིའི་སྙིང་པོ་ཇི་ཡིན་མཁྱེན་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གསར་པའི་ངོས་ནས་ཀྱང་༸གོང་ས་མཆོག་གི་དགོངས་གཞི་ལྟར་ཕྱག་ལས་གནང་བའི་ཡིད་ཆེས་བློས་འགེལ་བྱེད་ཐུབ་ཀྱི་འདུག དངོས་ཡོད་གནས་ཚུལ་ཐོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ན་མཐོ་རུ་འགྲོ་བཞིན་པ་དང་བསྟུན་ནས། འོས་ཐོབ་སྲིད་པའི་འོས་མིས་(གལ་ཏེ་ང་ཚོ་བོད་ལ་ལོག་མ་ཐུབ་པའི་དབང་དུ་བཏང་ན།) ཕྱི་ལོ་ ༢༠༣༠ བར་དུ་ཕྱག་ལས་གནང་ཐུབ་པའི་དབང་དུ་བཏང་ན། སྲིད་སྐྱོང་གསར་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ཡག་པོ་མཁྱེན་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་བརྗོད་མི་དགོས། ད་ལྟ་མཐོང་ཆོས་སུ་ཡོད་པའི་སྲིད་སྐྱོང་འོས་མིའི་ཁྲོད་ནས་བོད་མིའི་སྒྲིག་འཛུགས་དང་༸གོང་ས་མཆོག་ལ་ཞབས་ཕྱི་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ལས་ལོ་གྲངས་མང་བ་ཞུས་ཡོད་ཚུལ་བརྗོད་མི་ཐུབ། ཆ་རྐྱེན་འདིའི་ཐོག་ལ་སྐུ་ངོས་སྐར་གྲངས་མཐོ་ཤོས་བླངས་པའི་ལྟ་ཚུལ་བརྟན་པོ་ཡོད། ཆ་རྐྱེན་འདིའི་འོག་ལ་གནད་དོན་གལ་ཆེ་བ་གཞན་ཞིག་ནི། སྲིད་སྐྱོང་གི་ཕྱག་ལས་ནི། རྒྱ་ནག་དཔོན་པོ་དང་བོད་མིའི་སྒྲིག་འཛུགས་དབར་གཉིས་སྨན་གྲོས་མོལ་ལམ་ནས་བོད་ཀྱི་གནད་དོན་སེལ་བའི་འགན་ཁུར་ཡོད་པའི་མི་སྣ་གཙོ་བོ་ཆགས་ཀྱི་ཡོད། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་ནང་ཕྱག་ལས་རྒྱུན་རིང་ཤོས་གནང་མཁན་གྲས་ཀྱི་ཚོགས་མི་ཞིག་ཡིན་པའི་ཆ་ནས། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ཀྱིས་བོད་རྒྱ་ཞི་མོལ་གནད་དོན་ཞིབ་ཕྲ་མཁྱེན་རྟོགས་ཡོད་པ་དེས་རྒྱ་ནག་གཞུང་དང་ལྷན་དུ་གྲོས་མོལ་གོ་སྐབས་བྱུང་བ་ཡིན་ན་ཕན་ཐོགས་ཆེན་པོ་ཡོང་གི་རེད།

གཉིས་པ། བོད་ནང་གི་བོད་མིའི་ལ་ཞེན་དང་བཙན་བྱོལ་བོད་མིའི་ཆིག་སྒྲིལ་དང་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་

 ཆ་རྐྱེན་དང་པོ་ལྟར་གལ་ཆེ་མཉམ་ཡིན་པ་གཅིག་ནི། འོས་མི་དེ་ལ་བོད་ནང་གི་བོད་མིའི་ལ་ཞེན་དང་བཙན་བྱོལ་བོད་མིའི་ཆིག་སྒྲིལ་ཉར་སྲུང་བྱེད་པའི་ནུས་པ་ཡོད་པ་ཞིག་དགོས། དེ་ནི་ཆེད་གལ་ཆེ་བའི་ངས་སྲིད་སྐྱོང་འོས་མིར་ཚང་དགོས་པའི་ཆ་རྐྱེན་ཞིག་ཡིན། ཆ་རྐྱེན་འདིའི་ནང་ལ་ཆ་ཤས་གཉིས་ཡོད་དེ། (༡) བོད་ནང་གི་བོད་མིའི་ལ་ཞེན་དང་། (༢) བཙན་བྱོལ་ནང་གི་བོད་མིའི་ཆིག་སྒྲིལ་ཡིན། ཆ་ཤས་གཉིས་ཀ་གལ་ཆེན་པོ་རེད།འོན་ཀྱང་དང་པོ་དེ་ང་ཚོའི་འཐབ་རྩོད་ཀྱི་ཀ་བ་ལྟེ་བ་དེ་རེད། གལ་ཏེ་བོད་ནང་གི་བོད་མིའི་ལ་ཞེན་དེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་ལྷན་དུ་མེད་ན། ང་ཚོའི་འཐབ་རྩོད་ལ་གཞི་རྟེན་མེད་པ་ཆགས་པ་རེད། རྒྱུ་མཚན་དེ་ལ་བརྟེན་ནས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྟག་ཏུ་བོད་ནང་གི་བོད་མིའི་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུག་ལ་ཡིད་ཆེས་དང་ཆོད་སེམས་ཡོད་པ་གལ་ཆེན་པོ་ཡིན་པ་ནན་ཏན་གསུང་གི་ཡོད།དེ་དང་ཆབས་ཅིག་ཏུ། བཙན་བྱོལ་བོད་མི་ཚང་མས་སྤྱི་མོས་ངོས་ལེན་དང་སྦྲགས། “བོད་ཀྱི་དོན་གྱི་བདག་པོ་གཞིས་ལུས་མི་མང་ཡིན།” ཞེས་རྟག་ཏུ་ཤོད་ཀྱི་ཡོད། ངས་བྱས་ན་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ལས་ལྷག་པ་འོས་མི་སུས་ཀྱང་བོད་ནང་གི་གནས་ཚུལ་ཞིབ་ཕྲ་མཁྱེན་གྱི་ཡོད་ཞེས་གསུང་མི་ཐུབ་པ་ཞིག་རེད། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ཀྱིས་ཕྱི་ལོ་ ༡༩༨༣ ལོར་སོ་སོའི་ཚེ་སྲོག་ལ་ཉེན་ཁ་ཡོད་བཞིན་དུ། བོད་ནང་གི་གསང་བའི་ལས་འགུལ་བ་དང་བོད་མིའི་སྒྲིག་འཛུགས་དབར་ལ་གསང་བའི་བཀའ་མོལ་དང་འབྲེལ་ལམ་འཛུགས་རྒྱུའི་ཆེད་དུ་བོད་ནང་ལ་གསང་བའི་སྒོ་ནས་ཕེབས་ཡོད། འབྲེལ་ལམ་མང་པོ་ཞིག་ད་ལྟའི་དུས་སུའང་མུ་མཐུད་ཡོད་བཞིན་པ་རེད། བཙན་བྱོལ་བའི་ཆབ་སྲིད་ཀྱི་ལྟ་ཚུལ་ཐོག་ནས་ཞུས་ན། འདི་ནི་བཙན་བྱོལ་ཆབ་སྲིད་ཀྱི་འཐབ་རྩོད་འགྲུབ་ཐབས་གཙོ་བོ་ཆགས་ཀྱི་ཡོད།  གལ་ཏེ་ཁྱེད་རང་ད་ལྟའི་སྲིད་སྐྱོང་འོས་མིར་དོ་སྣང་ནན་པོ་གནང་མཁན་ཞིག་ཡིན་ན། བོད་ནང་གི་ཆབ་སྲིད་བཙོན་ཟུར་རྣམས་ཀྱིས་འོས་མིའི་ཁྲོད་ནས་རྒྱབ་སྐྱོར་ཤུགས་ཆེ་ཤོས་བྱེད་ཡུལ་དེ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ཁོ་ན་ཡིན་པ་གཟིགས་ཀྱི་རེད། ངས་འོས་མི་དང་བོད་ནང་གི་བོད་མིའི་དབར་འབྲེལ་བ་ཡོད་པའི་རྟགས་མཚན་ཆབ་སྲིད་བཙོན་ཟུར་གྱིས་འོས་མིར་རྒྱབ་སྐྱོར་ཚད་མཐོ་པོ་བྱེད་ཀྱི་ཡོད་པ་ལས་ལྷག་པ་ཞིག་མཐོང་གི་མི་འདུག

ཆ་རྐྱེན་གཉིས་པའི་ཆ་ཤས་གཉིས་པ་ནི། བཙན་བྱོལ་ནང་གི་བོད་མིའི་ཆིག་སྒྲིལ་རེད། ཉེ་བའི་ཆ་ལ་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་ལ་སེམས་ཁྲལ་དང་མ་སྐྱིད་པའི་གནས་སྟངས་ཡང་སེ་བྱུང་ཡོད་ཀྱང་དེའི་ཁག་དཀྲི་ཕར་ཚུར་བྱེད་རེས་རྩེ་ནས་ཆོ་མེད་པ་མཐོང་གི་འདུག འོན་ཀྱང་འདས་པའི་ཉམས་མྱོང་ལས་བསླབ་བྱ་བླངས་ཏེ་སེམས་བཞག་ཐོག ང་ཚོའི་མ་འོངས་པའི་འཐབ་རྩོད་ནང་ལ་ཕ་ཡུལ་སོགས་ཀྱི་འཐེན་འཁྱེར་མེད་པར་མདུན་སྐྱོད་བྱེད་དགོས་ལ། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ཀྱིས་དེ་ལྟར་འོང་བར་སྣེ་འཁྲིད་གནང་ཐུབ་པའི་ཡིད་ཆེས་ཡོད།

གསུམ་པ། བོད་ཀྱི་རྩ་དོན་འགྲུབ་རྒྱུར་རྒྱལ་སྤྱིའི་རྒྱབ་སྐྱོར་དང་བཀའ་ཟུར་འབྲོང་ཆུང་དངོས་གྲུབ།

འོས་མི་དེར་བོད་ཀྱི་རྩ་དོན་ཆེད་དུ་རྒྱལ་སྤྱིའི་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་རྒྱུའི་ནུས་པ་ཡོད་པ་ཞིག་དགོས་པ་ནི་ཆ་རྐྱེན་གསུམ་པ་དེ་རེད། འདིར་དྲང་པོ་བཤད་ན། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ཀྱི་འོས་ཆོས་གཙོ་བོ་ཆགས་ཀྱི་མེད་ལ། དགོས་ངེས་འོས་ཆོས་ཡོངས་རྫོགས་ཚང་བའི་སྲིད་སྐྱོང་འོས་མི་ཕུལ་དུ་བྱུང་བ་ཞིག་འདོད་ཀྱི་ཡོད་ཀྱང་དངོས་ཡོད་ཐོག་ནས་རག་ཁག་ལ།  འཛམ་བུ་གླིང་གི་མང་གཙོའི་རྒྱལ་ཁབ་ནང་འོས་ཆོས་ཡོངས་སུ་ཚང་བའི་མི་ཞིག་རག་རྒྱུ་ཡོད་པ་ང་ལ་ཏན་ཏན་མེད། གང་ལྟར་ཡང་ཞན་ཆ་དེ་ཉིད་སེལ་ཐབས་སུ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ཀྱིས་བཀའ་ཤག་ལྷན་རྒྱས་ཡག་པོ་ཞིག་བཟོ་ཐུབ་པའི་རེ་བ་ཡོད། དེ་མིན་ཆ་རྐྱེན་དེ་ཉིད་གཙོ་བོའི་གྲས་ཡིན་མིན་ལ་མ་ལྟོས་པར་ངས་གནད་འགག་ཆེན་པོ་མཐོང་གི་མེད། གང་ལ་ཟེར་ན། བོད་ཀྱི་འཐབ་རྩོད་དང་འབྲེལ་བའི་ནང་ཁུལ་དང་རྒྱལ་སྤྱིའི་གནས་ཚུལ་གལ་ཆེ་བ་ཚང་མ་བཀའ་ཤག་ལྷན་རྒྱས་སུ་གྲོས་བསྡུར་མཐིལ་ཕྱིན་པ་གནང་གི་ཡོད། དེ་འདྲ་སོང་ཙང་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ལ་ལོ་མང་པོའི་བཀའ་བློན་གྱི་ཉམས་མྱོང་ཡོད་པའི་ཐོག་ནས་རྒྱལ་སྤྱིའི་ཐོག་ལ་བོད་ཀྱི་འཐབ་རྩོད་ཀྱི་མཁྱེན་རྟོགས་ཡག་ཐག་ཆོད་ཡོད་རེད།

བཞི་པ། བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་ཚགས་ཚུད་བྱེད་རྒྱུའི་རྩལ་དང་བཀའ་ཟུར་འབྲོང་ཆུང་དངོས་གྲུབ།

གོང་དུ་ཞུས་པའི་ཆ་རྐྱེན་གཙོ་བོ་བཞིའི་ཁྲོད་ནས་བཞི་པ་ནི། འོས་མི་དེར་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་ཚགས་ཚུད་བྱེད་རྒྱུའི་རྩལ་ཡོད་པ་ཞིག་དགོས། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ཀྱིས་ཕྱི་ལོ་ ༡༩༧༧ ལོ་ནས་བཟུང་ནར་སོན་པའི་མི་ཚེ་ཕལ་ཆེ་བ་བོད་མིའི་སྒྲིག་འཛུགས་ནང་ཕྱག་ལས་གནང་ཡོད་པ་མ་ཟད། ད་དུང་ཡང་ཕྱག་ལས་མུ་མཐུད་གནང་བཞིན་ཡོད། བོད་མིའི་སྒྲིག་འཛུགས་ནང་ལོ་ངོ་ ༤༣ (མུ་མཐུད་གནང་བཞིན་པ་) ཕྱག་ལས་གནང་བའི་རིང་ལ་ནུས་པ་དང་གོ་གནས་མི་འདྲ་བའི་ཐོག་ཕྱག་ལས་གནང་ཡོད། ལོ་མང་ཞབས་ཕྱི་ཞུས་པའི་བརྒྱུད་རིམ་ནང་ལས་རོགས་ཚང་མས་ཆེ་བསྟོད་ཆེན་པོ་གནང་གི་ཡོད། སྐུ་ངོའི་གཞུང་དྲང་པོ་དང་། ལྷག་བསམ། ཉམ་ཆུང་གཤིས་སྤྱོད་དེ་དག་ལ་བརྟེན་ནས་གྲོགས་པོ་མང་པོ་ཡོད་པ་མ་ཟད། བྱེ་བྲག་ཏུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་འབྲེལ་བའི་སྲིད་བྱུས་བཟོ་རྒྱུར་གལ་གནད་ཅན་གྱི་རྒྱ་གར་གྱི་གསང་བའི་ལས་བྱེད་དང་ཆབ་སྲིད་པ་མང་པོ་དང་མཛའ་འབྲེལ་དམ་ཟབ་ཡོད། གལ་ཏེ་ཁྱེད་རང་གིས་སྐུ་ངོ་དང་ལྷན་དུའམ། སྐུ་ངོའི་འོག་ལ་ཕྱག་ལས་གནང་མྱོང་མཁན་མི་དེ་འདྲ་ངོ་ཤེས་ཀྱི་ཡོད་ན། ཁོང་ཚོར་སྐུ་ངོའི་སྐོར་ལ་བཀའ་འདྲི་གནང་ན། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་གང་འདྲ་ཡོད་མེད་མཁྱེན་ཐུབ།

མཇུག་ཏུ་ངས་ནན་ཏན་ཞུ་རྒྱུར། ང་དང་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་བར་ལ་སྒེར་གྱི་འབྲེལ་བ་གང་ཡང་མེད་པ་མ་ཟད། མོས་མཐུན་དང་རྒྱབ་སྐྱོར་བྱེད་པའི་རྒྱབ་ལ་ང་ཚོའི་ཐུན་མོང་གི་མ་འོངས་པ་དེ་ཡག་པོ་མཐོང་འདོད་ཀྱི་ཀུན་སློང་ཁོ་ན་ལས་གཞན་གང་ཡང་མེད། གལ་ཏེ་ཁྱེད་ཚོས་ངའི་རྩོམ་ཡིག་ནང་ལ་ཏག་ཏག་མ་བྱུང་བའམ་དྲང་མིན་གནད་དོན་བརྙེད་ན། ངས་དགའ་པོའི་ངང་ནས་ཁྱེད་རང་གི་ནོར་བཅོས་དང་བསམ་འཆར་ལ་དགའ་བསུ་ཞུ་ཡི་ཡིན། འོན་ཀྱང་ཁྱེད་རང་གིས་ངའི་དཔྱད་བརྗོད་རྩོམ་ཡིག་ལ་ཡིད་ཆེས་བརྙེད་སོང་ན། ཁྱེད་ཉིད་ཀྱིས་སོ་སོའི་རྩ་ཆེ་བའི་འོས་ཤོག་དེ་བེད་སྤྱོད་ཡག་པོ་བྱེད་དགོས་པས། འོང་རྒྱུའི་སྲིད་སྐྱོང་འོས་བསྡུའི་སྐབས་སུ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ལ་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ནན་པོ་ཞུ་ཡི་ཡོད།།      །། བོད་རྒྱལ་ལོ།།

མཆན། གོང་གསལ་བསམ་ཚུལ་རྩོམ་ཡིག་དེ་ནི་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་བ་ལངས་ཕྱོགས་ཡིན་པས་མ་ཁྱབ། 

བསྐྱར་བཅོས།: ༢༠༢༠/༠༩/༠༧

Leave a Reply

One thought on “ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་བསྡུ་དང་ང་ཚོའི་མ་འོངས་པ།

  1. ཆབ་སྲིད་མི་ཤེས།

    འཆར་གནང་དང་ལས་གཞི་མ་འོངས་སྔོན་གཟིགས་ཐུབ་པའི་མི་བུ་དམ་པ་ཞིག་སྲིད་སྐྱོང་དུ་ཡོང་གི་ཡོད་པའི་རེ་བ་ཆེན་པོ་ཞིག་བྱེད་ཡིན་པའི་མདངས་གོང་གསར་འགྱུར་ནང་སྐུ་ངོས་ཁོང་གི་སྲིད་སྐྱོང་འོས་གཞི་དང་བྲེལ་བའི་དྲི་བར་ལན་དུ་ཁོང་སྲིད་སྐྱོང་འོས་མིར་ཞུགས་དགོས་པ་དེ་ཆབ་སྲིད་བཙོན་པ་དང་གཞུང་ཞབ་ཟུར་པ་ཚོས་རེ་བ་བྱེད་པ་ལས་དོན་དངོས་ཐོག་ཁོང་ལ་རང་མ་འོངས་སྲིད་སྐྱོང་ཆགས་ན་ལས་གཞི་དང་འཆར་གནང་གང་ཡང་མིན་འདུག་པའི་ང་ཚོས་གང་འདྲ་བྱེད་ནས་ཁོང་ལ་འོས་བླུག་ཐུབ་ཀྱི་རེད། ་ཁོང་གི་གཞུང་ཞབས་ལྷག་བསམ་ཅན་ཡིན་པ་གཅིག་པོར་ལྟ་ནས་ང་ཚོས་འོས་བླུག་དགོས་རེད་པས།