༧གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་གྱི་བཀའ་སློབ་དུམ་བུ་ཞིག

སླ་བོ་དེ་ཚོའི་གྲས་བོད་རིགས་ཡིན་ཟེར་བ་ཙམ་ལས་བོད་པའི་དྲི་མ་ཙམ་ཡང་མེད་པར་གྱུར་བ་ཡིན་ན་དཔེ་མི་སྲིད་པའི་གྱོང་ཆེན་པོ་རེད།

——༧ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག

དེ་ཡང་དམ་པའི་ཆོས་ཞེས་པ་འདི་ནི་གཞན་ཞིག་གིས་བྱེད་དགོས་པའམ་ཡང་ན་བླ་མ་གྲྭ་བ་ཚོས་བྱེད་རྒྱུ་ཞིག་དང་། མི་སྐྱ་ཚོས་དེར་ཞབས་ཏོག་ཞུ་རྒྱུ་ཙམ་ལས་སོ་སོ་རང་ཉིད་ཀྱིས་བྱེད་མི་དགོས་པ་དེ་འདྲ་མ་རེད། དམ་པའི་ཆོས་ཞེས་པ་དེ་ནི་སོ་སོ་རང་ཉིད་ཀྱིས་བྱེད་དགོས་པ་ཞིག་ཡིན་ཏེ། “བདག་ཉིད་བདག་གི་མགོན་ཡིན་གྱི།”ཞེས་གསུངས་ཡོད་པ་ནང་བཞིན་སོ་སོ་སོ་སོས་བྱེད་དགོས་བཞིན་ཡོད་པ་རེད། བླ་མ་དང་གྲྭ་བ་ཡིན་ནའང་འདྲ། ཨ་ནེ་ཡིན་ནའང་འདྲ། དེ་བཞིན་དུ་མི་སྐྱ་ཕོ་མོ། ཕོ་ཡིན་ནའང་འདྲ། མོ་ཡིན་ནའང་འདྲ། རྒན་པ་ཡིན་ནའང་འདྲ། དར་མ་ཡིན་ནའང་འདྲ། གང་ལྟར་སོ་སོ་སོ་སོས་རང་མགོ་རང་གིས་ཐོན་པར་བྱས་ཏེ་འབད་བརྩོན་བྱས་ནས་འགྲོ་དགོས་པ་ཞིག་རེད་མ་གཏོགས། དེ་ལས་ཐབས་ལམ་གཞན་གང་ཡང་བསྟན་ཡོད་པ་མ་རེད། དེས་དབང་གིས་ད་ལྟའི་ཆར། འདིར་ཨ་མེ་རི་ཀའི་རྒྱལ་ཁབ་འདིའི་ནང་ཕྱིའི་དངོས་པའི་ཤུགས་རྐྱེན་དེ་ཧ་ཅང་ཤུགས་ཆེན་པོ་ཐེབས་ཡོང་བཞིན་ཡོད་པའི་སྟབས་ཀྱིས། ང་རང་ཚོས་ང་རང་ཚོ་རང་གི་ཐུན་མོང་མ་ཡིན་པའི་ཆོས་དང། རིག་གཞུང་དང་། གོམས་གཤིས་སོགས་བོར་བའམ། ལྷག་པར་དུ་ཆོས་ཕྱོགས་ཀྱི་བག་ཆགས་དེ་སྤྱི་ཚོགས་སྟེང་དུས་ཚོད་རིམ་སོང་གིས་ཉམས་ཆགས་སུ་འགྲོ་རུ་བཅུག་པའམ་སོང་བ་ཡིན་ན་དཔེ་མི་སྲིད་པའི་ཕམ་པོ་རེད། དེའི་ཕྱིར་གནས་སྟངས་འདིའི་རིགས་མི་འབྱུང་བའི་ཆེད་དུ་ང་རང་ཚོས་ཐབས་ཤེས་རྣམ་པ་སྣ་ཚོགས་ཞིག་འཐེན་དགོས་པའི་གནས་སུ་གྱུར་ཡོད། གཙོ་ཆེར་ཕ་མ་ཚོ་ཡིན་ནའང་དུས་དང་རྣམ་པ་ཀུན་ཏུ་ཡང་ཡང་བསླབ་བྱ་གནང་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཡིན།

འདིར་ང་རང་ཚོ་བོད་རིགས་ཡིན་ནའང་འདྲ། ཧི་མ་ལ་ཡའི་བརྒྱུད་ཀྱི་རིགས་རྒྱུད་ཁག་ཡིན་ནའང་འདྲ། ང་རང་ཚོ་བོད་པ་དང་གཅིག་པ་རེད། སྐད་དང་ཡི་གེ། ཆོས་དང་རིག་གཞུང་། གོམས་གཤིས་སོགས་ཕྱོགས་གང་ཅིའི་ཐད་ནས་གཅིག་པ་གཅིག་རྐྱང་དུ་གྱུར་ནས་བསྡད་ཡོད་པ་རེད། དེ་འདྲ་ཡིན་དུས། ང་རང་ཚོ་ནང་བཞིན་འཛམ་བུ་གླིང་འདིའི་ནང་དུ་ཡོད་པའི་མི་ཚང་མར། སོ་སོར་རང་རང་གི་ལུང་པ་དང་། ཆོས་དང་རིག་གཞུང་ཡོད་པ་རེད་ལ། དེར་ཞེན་ཁོག་མེད་མཁན་གཅིག་ཀྱང་ཡོད་པ་མ་རེད། ཚང་མར་ཡོད་པ་རེད། ཡིན་ན་ཡང་ང་རང་ཚོའི་དེ་སྤྱིར་བཏང་ནས་ལུང་པ་གཞན་པ་ཚོར་ཡོད་པ་དེ་དང་བསྡུར་ན་མ་འདྲ་བ་ཞིག་ཡོད་པ་རེད། མ་འདྲ་བ་གང་འདྲ་ཞིག་ཡོད་པ་རེད་ཟེར་ན། བོད་ལ་ཡོད་པ་དེར་བོད་དང་ཧི་མ་ལ་ཡའི་རི་བརྒྱུད་དུ་གནས་ནས་བསྡད་ཡོད་མཁན་ཚོར་སྔར་གྱི་ཆོས་རྒྱལ་ཚོའི་ཐུགས་རྗེ་བཀའ་དྲིན་དང་དེ་བཞིན་དུ་རྒྱ་གར་གྱི་པཎ་གྲུབ་ཚོའི་ཐུགས་རྗེ་བྱིན་རླབས། ལྷག་པར་དུ་བོད་རང་གི་ལོ་ཙཱ་བ་ཚོའི་དཀའ་བ་དང་སྐུ་ངལ་ཆེས་ཆེར་བསྐྱོན་ཏེ། དེ་འདྲའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དོན་དངོས་ཐོག་ས་ཆེན་འདིའི་སྟེང་ལ་དར་རྒྱས་ཧ་ཅང་ཆེན་པོ་བྱུང་ཡོད་པ་རེད། དེ་ལྟ་བུའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བོད་མི་བྱིངས་ལ་མཚོན་ནའང་གཏིང་ཟབ་མོ་ཞིག་མི་ཤེས་ན་ཡང་། ཡར་ལྷ་བླ་མ་དཀོན་མཆོག་ལ་དད་པ་བྱེད་རྒྱུ་དང་མར་སེམས་ཅན་སྲོག་ཆགས་གྲོག་འབུ་ཚུན་ཆད་ལ་སྙིང་རྗེ་སྐྱེ་རྒྱུ་དེ། ཉིན་རེ་ཉིན་རེའི་འཚོ་བ་བསྐྱེལ་བཞིན་པའི་མི་ཚེའི་འཚོ་བའི་ཁྲོད་དུ། ལས་རྒྱུ་འབྲས་ཟེར་བ་ཞིག་དང་ལས་རྒྱུ་འབྲས་ཀྱི་གནས་སྟངས་དཔྱིས་ཕྱིན་པ་ཞིག་ཤེས་བཞིན་མེད་ན་ཡང་། སྤྱིར་བཏང་ཚང་མས་དགེ་བ་བསྒྲུབ་ན་དེའི་འབྲས་བུར་བདེ་སྐྱིད་འབྱུང་གི་ཡོད་པ་དང་། སྡིག་པ་བྱས་ན་དེའི་འབྲས་བུར་སྡུག་བསྔལ་འབྱུང་བཞིན་ཡོད་པ་དེ་ལྟ་བུའི་གོ་བའི་སྟེང་ནས་དེ་ལྟར་གནས་ལུགས་དེ་སྲུང་བརྩི་བྱེད་བཞིན་པ་དེ་ཉིན་རེ་ཉིན་རེའི་འཚོ་བའི་ཁྲོད་དུའང་རང་བྱུང་གིས་གནས་ནས་བསྡད་ཡོད་པ་ཞིག་རེད། ཐུགས་རྗེ་བཀའ་དྲིན་དེ་དག་ལ་བརྟེན་ནས་སྔོན་ཆད་ཡིན་ན་ཡང་བོད་ལ་ཕྱིའི་དངོས་པོའི་ཡར་རྒྱས་གང་ཡང་ཡོད་པ་མ་རེད་དེ། ཡིན་ན་ཡང་བོད་པ་དེ་རྣམས་རང་བཞིན་གྱིས་བག་ཕེབས་པོ་དང་སྤྲོ་སྣང་གིས་བརྟས་ནས་བསྡད་ཡོད་པ་དེ་འདྲ་བྱུང་བཞིན་ཡོད་པ་རེད། དེ་འདྲའི་གོམས་གཤིས་བཟང་བོ་དེའི་རིགས་ངོ་མས་ཧ་ཅང་གལ་ཆེན་པོ་ཆགས་བསྡད་ཡོད་པ་རེད། གང་ཡིན་ཟེར་ན། འགྲོ་བ་མིས་མཚོན་པའི་གང་ཟག་སེམས་ཅན་དང་གྲོག་འབུར་ཚུན་ཚད་ཚང་མ་བདེ་སྐྱིད་འདོད་མཁན་ཤ་སྟག་དང་སྡུག་བསྔལ་མི་འདོད་མཁན་ཤ་སྟག་ཡིན་པས་རེད། སྡུག་བསྔལ་དེ་མི་འདོད་ཀྱང་བདེ་སྐྱིད་འདོད་མཁན་ཡིན་ན། བདེ་སྐྱེད་དེ་བསྒྲུབ་དགོས་ཤིང་བདེ་སྐྱིད་དེ་བསྒྲུབ་པའི་ཆེད་དུ་ང་ཚོས་ཡར་རྒྱར་གཏོང་དགོས་པ་ཞིག་དུ་གྱུར་ཡོད། ཕྱིའི་དངོས་པོའི་ཡར་རྒྱས་ལ་མཚོན་ན། ང་རང་སྔོན་ཆད་ན་གཞོན་པའི་དུས་དང་ད་ལྟའི་གནས་སྟངས་གཉིས་བསྡུར་བ་ཡིན་ན། དཔེ་མི་སྲིད་པའི་ཁ་ཁར་གྱུར་སྟེ། འགྱུར་བ་ཧ་ཅང་ཆེན་པོ་སོང་ཡོད་པ་རེད། རེད་དེ། ཡིན་ན་ཡང་ཕྱིའི་དངོས་པོ་ཅི་ཙམ་ཡར་རྒྱས་ལ་སོང་ཡང་། ནང་སེམས་ལ་འགྱུར་བ་མ་སོང་བ་ཡིན་ན། གང་ལྟར་བདེ་སྐྱིད་ངོ་མ་དེ་ཉིད་འཐོབ་རྒྱུ་མེད་པ་དེ་ཧ་ཅང་གསལ་བོ་རེད། རྒྱུ་མཚན་དེ་འདྲའི་དབང་གིས་ནང་སེམས་ཀྱི་བདེ་སྐྱིད་ཡག་པོ་དེ་ང་རང་ཚོས་ཆོས་ཀྱི་བསླབ་བྱའི་སྟེང་ནས་སེམས་རྒྱུད་མ་དུལ་བ་དེ་འདུལ་བར་བྱེད་རྒྱུ་དང་སེམས་རྒྱུད་བཟང་བོ་བྱེད་རྒྱུ་དེ་གཉིས་ཡར་རྒྱས་སུ་གཏོང་དགོས་པ་དེ་ཧ་ཅང་གལ་ཆེན་པོར་གྱུར་ནས་བསྡད་ཡོད། དེའི་སྟབས་ཀྱིས། ང་རང་ཚོས་ཆོས་དང་རིག་གཞུང་འདི་ཉིད་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཡོང་བར་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོའི་གནས་སུ་གྱུར་ཡོད། དེའི་ཕྱིར་གནས་སྟངས་འདིའི་ཐད་ལ་ཚང་མས་ཧུར་ཐག་གནང་བཞིན་ཡོད་ཅིང་། ད་དུང་ཡིན་ན་ཡང་ཚང་མས་“གལ་བོ་ཆེ་ལ་ནན་ཏན།”ཞེས་པ་ནང་བཞིན་དཔེ་མི་སྲིད་པའི་གལ་ཆེན་པོ་ཡིན་པ་ཤེས་པར་གྱིས།

ཨ་མེ་རི་ཀའི་རྒྱལ་ཁབ་འདིའི་ནང་ང་རང་ལ་ངོ་ཤེས་པ་ཕྱི་རྒྱལ་བ་དེ་འདྲ་ཡོད། ཁོང་ཚོ་ཡུལ་ལུང་མ་འདྲ་བ་ནས་ཡོང་བ་རེད། ཁོང་ཚོ་ང་རང་ཚོ་དང་མཚུངས་པར་སྐྱབས་བཅོལ་བ་བྱས་ནས་ཡོང་བ་དེ་འདྲ་རེད། “ཐོག་མར་རྒྱལ་ཁབ་འདིའི་ནང་སླེབས་པའི་སྐབས་སུ་ཁོ་རང་ཚོས་ཀྱང་རང་གི་ལུང་པའི་གནས་སྟངས་དང་ཡུལ་སྲོལ་གོམས་གཤིས་དེ་ཚོ་གནས་རྒྱུའི་ཆེད་དུ་ཐབས་ཤེས་འཐེན་པ་ཡིན། ཡིན་ན་ཡང་ཁོ་རང་ཚོར་མགོ་ཁྲིད་བཟང་པོ་མེད་པ་དང་མི་འབོར་མང་པོ་མེད་པ། དེ་འདྲའི་རྐྱེན་ཁོ་ཚོའི་ཡུལ་སྲོལ་གོམས་གཤིས་སོགས་རང་བཞིན་གྱིས་ཉམས་ཏེ་ད་ལྟ་ཚང་མ་མེད་པར་གྱུར་ནས་ཚང་མ་ཨ་མེ་རི་ཀའི་མི་ཤ་སྟག་དུ་གྱུར་ཚར་ཡོད་པ་རེད་ཅེས་གསུངས་བྱུང་།” དཔེ་འདི་ལྟར། མ་འོངས་པར་ང་ཚོར་ཡང་དེ་དག་ལྟར་གནས་སྟངས་གཅིག་མཚུངས་འབྱུང་མི་སྲིད་པ་མ་རེད། ད་ལྟའི་ཆར་མི་མང་པོ་ཡོད་པས་ཚད་དང་ལྡན་པ་ལྟ་བུ་ཞིག་ཏུ་སྣང་བཞིན་ཡོད་པ་རེད་དེ། ཡིན་ན་ཡང་། རིམ་གྱིས་རིམ་གྱིས་མི་རབས་གཅིག་གཉིས་འགོར་རྗེས། སླ་བོ་དེ་ཚོའི་གྲས་བོད་རིགས་ཡིན་ཟེར་བ་ཙམ་ལས་བོད་པའི་དྲི་མ་ཙམ་ཡང་མེད་པར་གྱུར་བ་ཡིན་ན་དཔེ་མི་སྲིད་པའི་གྱོང་ཆེན་པོ་རེད། དེ་ལྟར་མི་འགྱུར་བའི་ཆེད་དུ་ང་ཚོས་ད་ལྟ་ནས་དབུ་བཙུགས་ཏེ་མི་རབས་གཅིག་ཙམ་མ་ཡིན་པར། མི་རབས་གཉིས་པ། གསུམ་པ། བཞི་བ་བྱས་ནས་མུ་མཐུད་དུ་གནས་ཐུབ་པའི་ཆེད་དུ་ཐབས་ཤེས་ཅི་འདྲ་ཞིག་འཐེན་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་དུ་གྱུར་ཡོད། འདི་འདྲ་ཡིན་པའི་དབང་གིས། ཚང་མས་དོན་དག་ཡག་ཉེས་གང་ཅིའི་ཐད་ཐུགས་འཁུར་གནང་རོགས་གྱིས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།

གལ་འགངས་ཆེ་བ་ཞིག་ལ། ང་རང་ཚོ་བོད་པ་ཚོ་ཡང་དང་ཡང་དུ་ང་ཚོའི་ཚོགས་པ་འཚོག་པའི་སྐབས་སུ་ཡིན་ན་ཡང་འདྲ། སོ་སོར་ནང་མི་རྐྱང་པ་འདུག་པའི་སྐབས་སུ་ཡིན་ན་ཡང་འདྲ། བོད་པ་རྐྱང་པ་འཛོམས་པའི་སྐབས་སུ་ངེས་པར་དུ་བོད་སྐད་བཤད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། བོད་སྐད་བཤད་པ་དེར་དམིགས་བསལ་གྱི་འགྲོ་སོང་གཏོང་མི་དགོས་པ་དང་ཟུར་ནས་དཀའ་ལས་བརྒྱག་དགོས་པ་དེ་འདྲ་གང་ཡང་ཡོད་པ་མ་རེད། དུས་དང་རྣམ་པ་ཀུན་ཏུ་བོད་སྐད་བཤད་དགོས། ངས་འདི་ལྟར་བལྟས་ཡོང་དུས་ལོ་ཆུང་བ་དང་བྱིས་པ་དེ་ཚོར་ཕྱིའི་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད་པའི་རྐྱེན་གྱིས་བོད་སྐད་ལས་ཀྱང་དབྱིན་སྐད་བེད་སྤྱོད་བྱེད་རྒྱུ་སྟབས་བདེ་བར་གྱུར་ནས་ཡང་ཡང་དབྱིན་སྐད་བཤད་བཞིན་ཡོད་པ་ཞིག་སྣང་བ་ལ་མཐོང་བཞིན་འདུག དེར། ཕྱིའི་མི་ཡོད་པའི་སྐབས་སུ་དབྱིན་སྐད་མ་བཤད་རང་བཤད་རེད། ཡིན་ན་ཡང་ང་རང་ཚོ་བོད་པ་ཁེ་གཙང་ཡིན་པའི་སྐབས་སུ་ངེས་པར་དུ་བོད་སྐད་བཤད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དེའི་དབང་གིས། མདོ་དོན་གོང་གི་དོན་གནད་དེ་དག་ཚང་མས་ཐུགས་ལ་འཇགས་རོགས་གནང་ཞེས་ཞུ་རྒྱུ་ཡིན།

   བཀའ་སློབ་ཡི་གེར་ཕབ་ཅིང་མཚམས་སྦྱོར་ཞུ་མཁན་གྱི་མཆན།

བོད་རྒྱལ་ལོ་ ༢༡༤༥ རབ་གནས་ས་ཕོ་ཁྱི་ལོའི་གྲོ་བཞིན་ཟླ་བའི་མར་ངོས་བཟང་བོ་གཉིས་པ་རེས་གཟའ་ཉི་མ་འཕེལ་འགྱུར་སྦྱོར་བ། སྤྱི་ལོ་ ༢༠༡༨ ཟླ་བ་ ༠༩ པའི་ཚེས་ ༠༢ ཉིན་ཨ་རིའི་ནེའུ་ཡོག་ཏུ་རྟེན་གཞི་བྱས་ཡོད་པའི་ས་སྐྱའི་བརྩེ་ཆེན་ཀུན་ཁྱབ་གླིང་དུ་༧ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་བདུན་ཅུ་དོན་བཞི་བཞེས་པའི་སྐུའི་འཁྲུངས་སྐར་སྔ་བསྣུར་གྱི་སྲུང་བརྩི་གནང་སྐབས་༧ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་འཁྲུངས་སྐར་སྲུང་བརྩིར་འབྱོར་བའི་དད་ལྡན་སེར་སྐྱ་ཡོངས་ལ་ཆོས་སྐལ་དུ་ཉིན་དེའི་ཕྱི་དྲོ་དུས་ཚོད་གཉིས་པའི་སྟེང་ས་ལུགས་ཕུར་བའི་བཀའ་ལུང་བསྩལ་གནང་སྐབས་བཀའ་སློབ་ལས་བོད་ཀྱི་བདེ་སྡུག་དང་འབྲེལ་བའི་གོང་གསལ་བཀའ་སློབ་དུམ་བུ་འདི་ཟུར་དུ་བཏོན་ཏེ། ༧མགོན་པོ་གང་གི་སྐུའི་འཁྲུངས་སྐར་གྱི་ལེགས་སྐྱེས་སུ་འགྲོ་བར་ཀུན་ནས་བསླངས་ཏེ། ཉིན་དེའི་ཕྱི་དྲོར་མང་ར་བ་གདུགས་དཀར་འབུམ་དང་མང་ར་བ་ཀུན་འདུལ་སྒྲོལ་མ་གཉིས་ཀྱིས་དགོན་གནས་དེར་བོད་ཡིག་དུ་བཀོད་པ་འདིར།  བསམ་བཞིན་མ་ཡིན་པའི་ནོངས་བ་མཆིས་ཚེ་༧མགོན་པོ་མཆོག་གིས་ཐུགས་དཀྱེལ་ཡངས་ཆེན་པོ་གནང་སྐྱོང་ཡོང་བ་དང་གུས་པ་གཉིས་ནས་ཀྱང་མཐོལ་བཤགས་ཞུ་རྒྱུ་དང་ཆབས་ཅིག དགེ་བའི་རྩ་བ་འདིས་ཀྱང་འགྲོ་རྣམས་བདེ་ཞིང་ཐུབ་བསྟན་ཡུན་དུ་དར་བ་དང་ལྷག་པར་ཏུ་༧ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གི་སྐུའི་གསང་གསུམ་མི་ཤིག་རྡོ་རྗེའི་ངོ་བོར་བསྐལ་བརྒྱར་བརྟན་ཅིང་བཞེད་དོན་ལྷུན་གྱིས་འགྲུབ་པའི་རྒྱུར་གྱུར་ཅིག། དགེའོ།། །།

བསྐྱར་བཅོས།: ༢༠༢༠/༠༩/༠༧

Leave a Reply

One thought on “༧གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་གྱི་བཀའ་སློབ་དུམ་བུ་ཞིག