བརྒྱ་དཔོན་ཉི་མ་བསྟན་འཛིན་ལཊ་ཀྱི་སྐུ་ཕུང་ཞུགས་འབུལ་གནང་།

དེ་རིང་ཞོགས་པར་ལ་དྭགས་ཀྱི་བདེ་བ་ཅན་དུར་ཁྲོད་དུ་བོད་མིའི་དྭང་ཞབས་བརྒྱ་དཔོན་དམ་པ་ཉི་མ་བསྟན་འཛིན་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་གནང་འདུགདེ་རིང་སྔ་དྲོའི་ཆུ་ཚོད་ ༦ སྟེང་ལ་དྭགས་ཀྱི་རྒྱལ་ས་སླེ་ཡི་བདེ་བ་ཅན་དུད་ཁྲོད་དུ། ཉེ་སྔོན་བོད་ཧིན་ས་མཚམས་སུ་རྐྱེན་འདས་སུ་ཕྱིན་པའི་དྭང་ཞབས་དམ་པ་བརྒྱ་དཔོན་ཉི་མ་བསྟན་འཛིན་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་གནང་ཡོད་པ་དང་། སྐབས་དེར་ལ་དྭགས་ཀྱི་རྒྱ་གར་གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་དང་། རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཟུར་པ་དང་ཡུན་རིང་ནས་བོད་དོན་ཐད་རྒྱབ་སྐྱོར་གནང་མཁན་ཐུབ་བསྟན་ཚེ་དབང་ལགས། དེ་བཞིན་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་དོན་འགྲུབ་བཀྲ་ཤིས་ལགས་སོགས་ས་གནས་ཀྱི་གནད་མི་སྣ་ཁག་ཅིག་དང་། ཧི་མ་ལ་ཡ་བོད་དོན་རྒྱབ་སྐྱོར་ཚོགས་པ། ལ་དྭགས་ནང་ཚོགས་དང་དགུན་ཚོགས། ལ་དྭགས་ཨ་མ་ཚོགས་པ། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བུད་མེད་ལྷན་ཚོགས། བོད་མི་དང་ཡུལ་མི་བཅས་མི་གྲངས་བརྒྱ་ཕྲག་མང་པོ་འཛོམས་ཡོད་འདུགས་གནས་ནས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཐོག་མར་འདས་པོ་བརྒྱ་དཔོན་ཉི་མ་བསྟན་འཛིན་ལགས་ཀྱི་སྐུ་ཕུང་ལ་དྭགས་གསོད་ནམས་གླིང་སྨན་ལྷ་གཞིས་གྲོང་དང་པོའི་གཟིམ་ཤག་ནས་ཨ་གླིང་དུ་གདན་ཞུ་གནང་ཡོད་པ་དང་། ཨ་གླིང་ནས་སྐལ་བཟང་གླིང་། དེ་ནས་གཞུང་ལམ་དབུས་མ་བརྒྱུད་ལྕོག་ལམ་སར་བརྒྱུད་དུད་ཁྲོད་བདེ་བ་ཅན་དུ་གདན་འདྲེན་ཞུས་ཡོད་པ་དང་། གཞུང་ལམ་གཡས་གཡོན་གཉིས་སུ་མི་མང་གིས་འཕགས་བོད་གཉིས་ཀྱི་རྒྱལ་དར་འཕྱར་ཏེ་མ་ཎི་འུར་འདོན་སོགས་གནང་ཡོད་པ་དང་།  འདས་པོ་དམ་པར་གུས་འདུད་མཚོན་སླད། དེ་རིང་ཞོགས་སྔ་ཆུ་ཚོད་དྲུག་པ་དང་ཕྱི་དྲོའི་ཆུ་ཚོད་ ༧ པའི་ཐོག་ཁྱིམ་ཚང་རེ་རེའི་ནང་མཆོད་མེ་འབུལ་བ་དང་། ཉུང་མཐར་མ་ཎི་ཕྲེང་སྐོར་གཅིག་རེ་གསུང་འདོན་གནང་རྒྱུ་མ་ཟད། ལ་དྭགས་སླེ་དང་གཞིས་ཆགས་ཁག་ཚང་མས་ཚོང་ཁང་ཡོངས་ཉིན་ཕྱེད་རིང་སྒོ་བརྒྱབ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད་འདུག་ལ། དེ་རིང་དྲ་ལམ་སོགས་ནས་དམ་པ་ཁོང་གི་སྙིང་སྟོབས་དང་བློས་གཏོང་ལ་ཡི་རང་དང་བསྔགས་བརྗོད་དང་སྦྲགས། མི་སྒེར་དང་ཚོགས་པ་སོགས་ནས་ཁོང་ལ་བསྔོ་སྨོན་མཆོད་འབུལ་ཡང་གནང་གི་འདུག

འདི་གའི་གསར་འགོད་པས་བོད་དོན་འཐབ་རྩོད་པ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་སུ། བོད་མིའི་དྭང་ཞབས་དམག་མི་རྣམ་པའི་སྤྱི་ཡོངས་ཀྱི་གནས་སྟངས་སྐོར་ལ་དགོངས་ཚུལ་དྲིས་པར་ཁོང་གིས། ད་ལྟ་ང་ཚོས་དྭང་ཞབས་དམག་མི་ཟེར་བ་ནི་དམག་སྒར་ཨང་ ༢༢ པ་དང་དབྱིན་སྐད་དུ་(Special frontier force)ཟེར་གྱི་ཡོད། ཐོག་མར་ཕྱི་ལོ་ ༡༩༦༢ ལོར་མགོ་བཙུགས་པ་དང་རྒྱ་གར་གྱི་དམག་མིའི་ནང་གི་གལ་ཆེ་ཤོས་ཤིག་ཆགས་བསྡད་ཡོད། རྒྱ་གར་གཞུང་གིས་དེ་གསང་བ་ཡིན་ལབ་ནས་ད་ལྟའི་བར་དུ་བོད་པའི་དྭང་ཞབས་དམག་མི་ཚོར་དགོས་ངེས་ཅན་གྱི་ཆེ་མཐོང་ངོས་འཛིན་མ་ཐོབ་པ་རེད། འོན་ཀྱང་། ད་ལྟ་རྒྱ་གར་རྒྱ་ནག་མཉམ་དུ་གདོང་ཐུག་བརྒྱབས་ཏེ། གྱོང་གུད་ཤུགས་ཆེན་ཕོག་ཡོད་པའི་སྐབས་འདིར། བོད་པའི་དམག་མི་ཚོས་ཕྱི་ལོ་ ༡༩༦༢ ལོར་རྒྱ་ནག་ལ་ཤོར་བའི་ས་ཆ་ཚུར་འཕྲོག་སྟེ་དཔའ་བཞག་ཡོང་དུས། རྒྱ་གར་རྒྱལ་ཡོངས་ནང་དམག་སྒར་ཨང་ ༢༢ པས་འཇོན་གྱི་འདུག་ཟེར་གྱི་ཡོད། ཅེས་བརྗོད་བྱུང་།

ཡང་ཁོང་གིས་མུ་མཐུད། དེ་རིང་སྔ་དྲོའི་ཆུ་ཚོད་ ༦ སྟེང་རྒྱལ་གཅེས་དཔའ་བོ་ཉི་མ་བསྟན་འཛིན་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་ལ་དྭགས་སུ་གནང་ཡོད་པ་དང་། ཁོང་ནི་བོད་པའི་དམག་མི་ཡིན་སྟབས། བོད་ཕྱི་ནང་གཉིས་དང་འཛམ་གླིང་ཁྱོན་ཡོངས་ཀྱི་བོད་མི་ཚོས་སྤོབས་པ་བྱེད་འོས་པ་ཞིག་ཡིན། དམིགས་བསལ་ད་ལྟ་དཔའ་བོ་ཉི་མ་བསྟན་འཛིན་ལགས་ཀྱི་སྲོག་ཤོར་བ་དང་མཉམ་དུ། བསྟན་འཛིན་བློ་ལྡན་ལགས་སུ་རྨས་སྐྱོན་ཕོག་པ་རེད། དེ་དང་མཉམ་དུ་ཕྱི་ཚེས་ ༢༩ དང་ ༣༠ བར་ལ་བོད་པའི་དམག་མི་བརྒྱ་ལྷག་ལ་དྭགས་ནས་བོད་ཀྱི་ཕྱོགས་སུ་ཕྱིན་ཏེ། རྒྱ་མིའི་དམག་མིར་ཕར་རྒོལ་གྱིས་དཔའ་བཞག་ཡོད། དེས་རྒྱ་གར་ནང་ལོ་རྒྱུས་ལྡན་པའི་བྱས་རྗེས་བཞག་པ་རེད། ད་ལྟའི་གནས་སྟངས་དེ་ལོ་རྒྱུས་ནང་གཟེངས་སུ་ཐོན་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད། ཅེས་བརྗོད་བྱུང་། 

མཇུག་ཏུ་ཁོང་གིས། འདས་པའི་ལོ་རྒྱུས་ནང་བལྟས་པ་ཡིན་ནའང་། རང་བཙན་ལྡན་པའི་བྷང་ལ་ཌི་ཤི་དང་དམག་བརྒྱབ་སྐབས། བོད་པའི་དམག་མི་གང་འཚམ་ཞིག་གིས་ཚེ་སྲོག་ཤོར་ཡོད་ཀྱང་ལས་ཀ་གལ་ཆེ་ཤོས་དེ་བོད་པའི་དམག་མི་ཚོས་བྱས་ཡོད་པ་རེད། སྐབས་དེ་དུས་རྒྱ་གར་གཞུང་གིས་བོད་པའི་དམག་མི་སུམ་སྟོང་ནས་བཞི་སྟོང་བར་བཏང་ཡོད་པ་དང་། ས་བབ་མཐོ་བའི་ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་ཛ་དྲག་གི་གནས་སྟངས་ག་དུས་བྱུང་ཡང་། རྒྱ་གར་གཞུང་གིས་བོད་པའི་དམག་མི་བཏང་སྟེ་རྒྱ་གར་ལ་ཕན་ཐོགས་པ་དང་བོད་པའི་དམག་མི་ཚོས་འཇོན་བསྡད་ཡོད་པ་རེད་དེ། རྒྱ་གར་གཞུང་གིས་དེ་ཚོ་གསང་བ་བྱས་ནས་བཞག་ཡོད། དཔེར་ན་ཇ་མུ་ཀ་ཤི་མུར་གྱི་དམག་འཁྲུག་སྐབས་བོད་པའི་དམག་མི་ཚོས་འཇོན་ཡོད་པ་དང་། ལྷག་པར་དུ་ ༡༩༩༩ ལོར་ (Tiger Hill)ཟེར་བའི་རི་སྒང་དུ་དམག་ཤོར་སྐབས་བོད་ཀྱི་དམག་མི་ཚོས་འཇོན་ཡོད་པ་རེད། བོད་པའི་དམག་མི་ཚོ་ག་དུས་ཡིན་ཡང་ས་མཐོ་འཁྱག་རོམ་ཁུལ་དང་ལ་དྭགས་དང་ཧི་མ་ཅལ། ཨོ་ཊར་ཁན། འབྲས་ལྗོངས་དང་ཨ་རུ་ན་ཅལ་ཁུལ་སོགས་སུ་བཏང་ཡོད་པ་དང་། བོད་པའི་དམག་མི་ཚོས་མཐའ་སྲུང་བྱས་ཏེ་འཇོན་བསྡད་ཡོད་པ་དང་། ད་རེས་གཞི་ནས་བོད་པའི་དམག་གི་འཇོན་ཐང་ལ་ངོས་འཛིན་ཡོང་གི་ཡོད་པ་རེད། ངོས་འཛིན་ཡོང་གི་ཡོད་པ་དེ་བོད་རྒྱལ་ཁབ་དང་མི་རིགས་ཀྱི་སྤོབས་པ་ཞིག་རེད་བསམ་གྱི་ཡོད། ཅེས་བརྗོད་བྱུང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༩/༠༧

Leave a Reply

2 thoughts on “བརྒྱ་དཔོན་ཉི་མ་བསྟན་འཛིན་ལཊ་ཀྱི་སྐུ་ཕུང་ཞུགས་འབུལ་གནང་།

  1. བསོད་ནམས་རྒྱལ་མཚན།

    ང་ཚོའི་བོད་པ་ རྒྱ་གར་དམག་ཞབས་པ་ལ་མཚོན་ན་་་ དེང་སང་རྒྱ་གར་བརྙན་འཕྲིན་ནང་ བོད་དམག་ལ་ ཧ་མ་ར་ ཏིབ་ཏི་ བྷཡི། བ་ཧ་དུར་ ཤ་བཱཤ བསྟོད་ར་གཏོང་བཞིན་འདུག དེ་ལ་ བོད་དམག་ཚོའི་སྤོབ་པ་གནང་དོག་ཁ་པོ་མ་རེད། གནང་དགོས་ཡ་ཡང་མ་རེད། བོད་ཀྱི་རྩ་དོན་ནི་མིན། གལ་སྲིད་བོད་དམག་བྱབ་ཆུང་ག་རེ་རྒྱ་གར་གྱི་བསྟོད་ར་ལ་སྤོབ་པ་བྱེད་སྲིད། ང་ཚོ་དུས་རྒྱུན་ཁྱི་ལ་ཡ་ ཚུ ཚུ ཚུ ཟེར་བྱས་ངར་རྒྱལ་བློང་བ་དང་གཅིག་ཚུང་ཡིན། སྔ་མོ་ཨ་རིའི་མི་རིགས་ནག་པོ་ལ་ Hunting Dog བེད་སྤྱོད་བྱས་ཡོད། ང་ཚོའི་བོད་དམག་ཚོའི་དེའི་སྐབས་བསམ་བློ་ག་རེ་གཏོང་དགོས། ༡ ཕྱིའི་རྒྱལ་ཁབ་ཀྱི་བྲན་གཡོག་བྱེད་ཡ་དེ་ བོད་མི་ལས་དབང་ཡིན་བསམ་དགོས། ༢ ང་རང་ཚོ་བོད་ཀྱི་རྩ་དོན་ནི་ འཚེ་བ་མེད་པ་དབུ་མའི་ལམ་དེ་ཡིན་བསམ་དགོས། ༣ ཕར་ཕྱོགས་དེ་ཡང་སོ་སོ་དང་གཅིག་པ་ནང་མི་བུ་ཕྲུག་ཡོད་པ་ དཔོན་པོའི་བཙན་བཀའ་ལ་རྟེན་ནས་མ་བྱེད་རང་བྱེད་ཡིན་པ་བསམ་དགོས། དེ་པ་བོད་པ་བྱབ་ཆུང་ག་རེ་མ་གཏོགས་ མང་ཆེ་བ་ནི་ འཕགས་པ་སྤྱན་རས་གཟིགས་འདུལ་བྱ་ དམག་ཕྲུག་མི་ཡོང་བ་ཤོག་སྨོན་ལམ་འདེབ་མཁན་དང་མ་ཎི་གྲངས་མཁན་ཤ་ཏག་ཡིན།

  2. ༡༽ ཧོ ཧོ བདེ་བ་ཅན་ལ་ དུར་ཁྲོད་འདུག ཧ ཧ 👍 😂 😂 😂 😅 ༢༽ ཉི་མ་བསྟན་འཛིན་ནི་ རྒྱལ་གཅེས་དཔའ་བོ་གང་ཡང་མིན། ཁོང་ནི་སྙིང་རྗེ་ རྒྱ་གར་གྱི་་་ བྲན་གཡོག་ཞིག་ཡིན། ༣༽ བོད་ཕྱི་ནང་གཉིས་དང་འཛམ་གླིང་ཁྱོན་ཡོངས་ཀྱི་བོད་མི་ཚོས་སྤོབས་པ་བྱེད་འོས་པ་ཞིག་ཡིན། ཟེར་བ་ སྐད་ཆ་འདི་ཧ་ཅང་ ཐལ་དྲགས་སོང་། གཅིག་ནི་བོད་དོན་མིན། གཉིས་ནི་ ང་ཚོ་བོད་པ་ ནང་པ་འཚེ་བ་མེད་པའི་ལྟ་སྒྲུབ་དང་ སྤྱན་རས་གཟིགས་ཀྱི་འདུལ་བྱ་ཡིན། བོད་པ་བྱབ་ཆུང་འབྲས་དཀར་ཁྲབ་མཁན་འགའ་ཤས་ཞིག་ལ་རྟེན་ནས་ བོད་ཕྱི་ནང་གཉིས་དང་འཛམ་གླིང་ཁྱོན་ཡོངས་ཀྱི་བོད་མི་མ་བཀོད་རོགས། ༤༽ སྐུ་ཕུང་ཞུགས་འབུལ་ལ་ མོ་དི་ མ་ཡོང་ན་ རཱཇ་ནཱཐ་ཡོང་དགོས་རེད་པ། རྒྱ་གར་བློན་ཆེན་ཟུར་པ་ཞིག ཧ ཧ ༥༽ བོད་པའི་དམག་མི་བརྒྱ་ལྷག་ལ་དྭགས་ནས་བོད་ཀྱི་ཕྱོགས་སུ་ཕྱིན་ཏེ། རྒྱ་མིའི་དམག་མིར་ཕར་རྒོལ་གྱིས་དཔའ་བཞག་ཡོད། དེས་རྒྱ་གར་ནང་ལོ་རྒྱུས་ལྡན་པའི་བྱས་རྗེས་བཞག་པ་རེད། ད་ལྟའི་གནས་སྟངས་དེ་ལོ་རྒྱུས་ནང་གཟེངས་སུ་ཐོན་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད། 😂 😂 😂 😅 སྐད་ཆ་དེ་བཤད་པ་ངོ་ཚ་རྒྱུ་མེད་པ་ཧང་བསང་དགོས་པ་ཞིག་རེད། རྒྱ་མི་དམག་མི་ རྒྱ་དཀར་ནག་གཉིས་ཀྱི་བོད་ས་ཧམ་རྩོད་རྒྱག་ས་ནས་བོད་ལ་ཕར་རྒོལ་བྱས་པ་རེད། རྒྱ་ནག་ལ་མ་རེད། ༦༽ སྐུ་ཕུང་ཞུགས་འབུལ་ལ་ ༧གོང་ས་མཆོག་གིས་དབུ་མའི་ལམ་ལ་ཁ་གཏད་གཅོག་མཁན་ གཞོན་ནུ་ཚོགས་པ་ མགོ་རེ་དམར་པོ་གདམ་མཁན་ལྟས་ངན་ཚང་མ་དེ་ཕ་གེ་འཛོམ་འདུག །། 🕯 འདས་པོ་ལ་ གུས་ནས་ དུངས་སེམས་དང་ནང་མི་ལ་ཐུགས་གསོས་ཞུ་བཞིན་ཡོད། 🙏