བོད་མི་གཉིས་འཛིན་བཟུང་བྱས། 

ཡང་སྤྱི་ཚོགས་དྲ་བའི་བདེ་འཇགས་ལ་གནོད་སྐྱོན་བཟོས་པའི་ཉེས་མིང་འོག་བོད་རིགས་སྐྱེས་པ་གཅིག་དང་བུད་མེད་ཅིག་འཛིན་བཟུང་བྱས་ཡོད་འདུགཟླ་འདིའི་ཕྱི་ཚེས་ ༦ ཉིན། རྒྱ་ནག་གཞུང་གིས་མཚོ་སྔོན་ཡུལ་ཤུལ་དྲ་རྒྱ་བདེ་འཇགས་ལས་ཁུངས་ཟེར་བས། སྤྱི་ཚོགས་དྲ་ལམ་ནས་ཐད་གཏོང་བརྒྱུད་བོད་རིགས་བུད་མེད་ཅིག་དང་སྐྱེས་པ་ཞིག་གིས་ཆགས་གཏམ་སྤེལ་བའི་ཉེས་མིང་འོག་འཛིན་བཟུང་བཀག་ཉར་འོག་བཞག་ཡོད་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་སྐོར་གྱི་ཆད་གཅོད་བཅའ་ཁྲིམས་ཀྱི་དོན་ཚན་རེ་བརྒྱད་པ་ཟེར་བའི་གཏན་འབེབ་ལྟར། བོད་མི་དེ་གཉིས་ཉིན་གྲངས་ ༡༣ རིང་བཀག་སྐྱིལ་བྱ་རྒྱུ་ཡིན་ལུགས་བསྒྲགས་འདུག

དེ་འབྲེལ་གནས་ཚུལ་ནང་། བོད་རིགས་དེ་གཉིས་ཀྱིས་དྲ་ལམ་ནས་གཞན་གྱིས་དོ་ཁུར་དང་རྒྱབ་སྐྱོར་ཐོབ་ཆེད། ཐད་གཏོང་བརྒྱུད་འདོད་སྲེད་དང་འཁྲིག་སྦྱོར། མ་རབས་ཐ་ཤལ་སོགས་ཀྱི་སྐད་ཆ་བཤད་ནས་ཐད་གཏོང་བྱས་པ་དང་། ཉིན་དེར་ཐད་གཏོང་ལ་ལྟ་མཁན་མི་ ༤༠༠ ལྷག་ཟིན་ནས་སྤྱི་ཚོགས་སུ་ཤུགས་རྐྱེན་ངན་པ་བཟོས་པར་མ་ཟད། རྒྱུན་ལྡན་གྱི་དྲ་བའི་སྒྲིག་ལམ་དཀྲུགས་པས། དེ་མ་ཐག་འཛིན་བཟུང་བྱས་ཡོད་སྐོར་བཀོད་འདུག

ཡང་གནས་ཚུལ་ནང། དྲ་རྒྱའི་བདེ་འཇགས་མི་སྣ་འཛིན་བཟུང་དང་འདྲི་རྩད་བྱེད་སྐབས། ཁོ་གཉིས་ནས་རང་ཉིད་ཀྱི་ཁྲིམས་འགལ་བྱ་སྤྱོད་ཇི་བཞིན་ཁས་ལེན་བྱས་པ་མ་ཟད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་སྐོར་གྱི་བཅའ་ཁྲིམས་ཀྱི་དོན་ཚན་རེ་བརྒྱད་པ་ཟེར་བ་དེའི་གཏན་འབེབས་ལྟར། ཁྲིམས་ལྟར་ཉིན་བཅུ་གསུམ་རིང་སྲིད་འཛིན་བཀག་ཉར་གྱི་ཆད་པ་བཅད་ཡོད་པ་དང་། ཉེན་རྟོག་ཕྱོགས་ནས་དྲ་བའི་ཐད་གཏོང་སྟེགས་བུའི་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུ་ཡིན་པས། རྒྱ་ཆེའི་དྲ་དམངས་གྲོགས་པོ་དང་ཐད་གཏོང་བྱེད་མཁན་ཚོས་རང་ཉིད་ཀྱི་དྲ་བའི་བྱ་སྤྱོད་ཚད་ཁྲིམས་ལྟར་རང་གཅུན་དགོས་སྐོར་བརྗོད་ཡོད་འདུག

རྒྱ་ནག་གཞུང་གིས་དྲ་རྒྱའི་ཁྲིམས་ལུགས་ལ་ཁ་གཡར་ནས་བོད་མི་མང་པོ་ཞིག་འཛིན་བཟུང་བྱེད་བཞིན་ཡོད་པ་ལྟར། ཉེ་སྔོན་ཕྱི་ཟླ་ ༨ ནང་བོད་མཚོ་ལྷོ་ནས་ཀྱང་དྲ་བའི་སྒྲིག་ཁྲིམས་ཟེར་བར་གཏོར་བརླག་བཏང་ཡོད་པའི་ཉེས་མིང་གཡོགས་ཏེ། བོད་རིགས་བུད་མེད་ཅིག་དང་སྐྱེས་པ་ཞིག་འཛིན་བཟུང་བྱས་ཏེ་བཀག་ཉར་འོག་བཞག་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ལོར་དྲ་རྒྱ་གཙང་སེལ་ལས་འགུལ་ཟེར་བར་ཁ་གཡར་ནས། བོད་རིགས་མང་པོ་ཞིག་འཛིན་བཟུང་བཟུང་གིས་ཁྲིམས་ཐག་གཅོད་པ་དང་། སློབ་གསོ་གཏོང་བ་ཟེར་བ་སོགས་ཀྱི་ལས་འགུལ་སྣ་མང་སྤེལ་ཡོད་པ་རེད།

རྒྱ་ནག་གཞུང་གིས་གཏན་འབེབ་བྱས་པའི་དྲ་རྒྱའི་སྒྲིག་ཁྲིམས་ཟེར་བ་དེའི་ནང་། ཆབ་སྲིད་ཀྱི་གནད་དོན་ཡོད་པའི་ནང་དོན་དང་འཆལ་གཏམ་མི་བཤད་པ་དང་།  གསང་བ་དང་འབྲེལ་བའི་ནང་ཁུལ་གྱི་དཔྱད་ཡིག་དང་ཆགས་སྲེད། དུག་རྫས། དྲག་སྤྱོད་དང་འབྲེལ་བའི་བརྙན་སོགས་མི་སྐུར་བ། དམག་དོན་གྱི་དཔྱད་ཡིག་དང་རྒྱལ་ཁབ་ཀྱི་གསང་བ་དང་འབྲེལ་བའི་ཡིག་ཆ་མི་སྐུར་བ་སོགས་བཀོད་ཡོད་ཀྱང་། སྔར་ལོ་ནས་དྲ་རྒྱའི་ཐད་གཏོང་ནང་བོད་སྐད་བཤད་མཁན་དང་བོད་མིང་བྲིས་ཡོད་པ་ཚོར་དམ་དྲགས་དང་། བོད་སྐོར་གྱི་གནས་ཚུལ་དང་པར་རིས་སྐུར་མཁན་ཚོར་ཉེན་བརྡ་དང་དྲ་ཁུངས་སྒོ་རྒྱག་གི་ཡོད་པ་སོགས་ཀྱི་གནས་ཚུལ་བྱུང་གི་ཡོད་པ་རེད།

འབྲེལ་ཡོད་གནས་ཚུལ། བོད་རིགས་ཕོ་མོ་གཉིས་འཛིན་བཟུང་བྱས།

  གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༩/༠༧

Leave a Reply