རྒྱ་དཀར་ནག་གི་དམག་མིས་མེ་མདའ་འཕེན་རེས་བྱས།

མདང་དགོང་ལ་དྭགས་སྤང་གོང་མཚོ་ཁུལ་ནས་རྒྱ་དཀར་ནག་གི་དམག་མིའི་བར་འཁྲུག་འཛིང་ཤོར་ཏེ་མེ་མདའ་འཕེན་རེས་བྱས་ཡོད་ཀྱང་དང་ཐོག་སུས་མེ་མདའ་འཕངས་བ་ཡིན་རྩོད་གཞི་ཅན་དུ་གྱུར།དེ་རིང་སྔ་དྲོར་རྒྱ་དཀར་ནག་གཉིས་ཀྱི་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། ཁ་སང་དགོང་མོར་བོད་ཧིན་ས་མཚམས་སུ་འཁེལ་བའི་སྤང་གོང་མཚོ་ཁུལ་དུ། རྒྱ་དཀར་ནག་གི་དམག་མིས་ཕན་ཚུན་མེ་མདའ་འཕེན་རེས་བྱས་ཡོད་པ་དང་། ད་ལྟའི་ཆར་ཕྱོགས་གཉིས་ཀྱི་དམག་མིར་ཤི་རྨས་སོགས་བྱུང་བའི་གནས་ཚུལ་ཐོན་མེད་ཀྱང་། ཐེངས་འདིར་མེ་མདའ་ཐོག་མར་འཕེན་མཁན་སུ་ཡིན་ཐད་ཁ་རྩོད་དང་སྐྱོན་བརྗོད་བྱེད་རེས་ཡོང་བཞིན་འདུག

དེ་འབྲེལ་གནད་དོན་ཐད། རྒྱ་གར་བདེ་སྲུང་བློན་ཆེན་ སྐུ་ཞབས་རཱ་རྗི་ནཱ་ཏི་སིང་(Rajnath Singh)མཆོག་གིས། རྒྱ་གར་ཕྱོགས་ནས་ས་མཚམས་བརྒལ་ནས་བཙན་འཛུལ་བྱས་པ་མིན་པར། རྒྱ་ནག་གིས་མུ་མཐུད་ཕྱོགས་གཉིས་ཀྱི་གྲོས་མཐུན་ཁག་ལ་རྩིས་མེད་ཀྱིས། ས་མཚམས་བརྒལ་ཐབས་ཀྱིས་བཙན་འཛུལ་དང་ཟིང་འཁྲུག་སློང་གི་ཡོད་པ་མ་ཟད། ཕྱོགས་གཉིས་ཀྱི་དམག་དཔུང་དང་མཐོ་རིམ་མགོ་འཁྲིད་བར་གྲོས་མོལ་འགྲོ་བཞིན་པའི་སྐབས། རྒྱ་ནག་གི་དམག་མིས་ཁྲིམས་འགལ་ངང་བཙན་འཛུལ་བྱེད་བཞིན་ཡོད་སྟབས། རྒྱ་གར་ཕྱོགས་ནས་ཀྱང་རྒྱ་ནག་དམག་མིས་བྱེད་སྟངས་ལ་བབ་པའི་བྱ་སྤྱོད་སྤེལ་རྒྱུ་ཡིན་སྐོར་བརྗོད་དེ་ཉེན་བརྡ་བཏང་འདུག

དེ་བཞིན་རྒྱ་ནག་གོ་ལའི་དུས་བབ་ཟེར་བའི་གནས་ཚུལ་ནང་། རྒྱ་ནག་ནུབ་བརྒྱུད་དམག་དཔུང་གི་མགྲིན་ཚབ་པ་ཀྲུང་ཧྲོ་ལའེ་ (Zhang Shuili)ཟེར་བ་ཞིག་གིས། རྒྱ་གར་དམག་མིས་ལ་དྭགས་སྤང་གོང་མཚོའི་ཤར་བརྒྱུད་ས་མཚམས་ཁུལ་དུ་ཁྲིམས་འགལ་ངང་ས་མཚམས་བརྒལ་ཐབས་བྱས་ཡོད་པ་དང་། རྒྱ་གར་ཕྱོགས་ཀྱི་བྱེད་ཐབས་དེ་ནི་ཧ་ཅང་ཐལ་དྲགས་པའི་སྤྱོད་པ་ཞིག་དང་། རྒྱ་ནག་གི་དམག་མིར་ཚོད་རྩིས་དང་ངོས་འཛིན་ནོར་འཁུལ་ཅན་ཡིན་སྟབས། ང་ཚོས་རྒྱ་གར་ཕྱོགས་ནས་མྱུར་དུ་ཛ་དྲག་གི་གནས་སྟངས་ལས་ཕྱིར་འཐེན་དང་། ཐོག་དང་པོར་མེ་མདའ་འཕེན་མཁན་དམག་མིར་མྱུར་ཞིབ་དང་ཉེན་ཆད་གཅོད་པའི་རེ་བ་འདོན་བཞིན་ཡོད་སྐོར་བརྗོད་འདུག

ཐེངས་འདིའི་གནས་ཚུལ་དེ་ནི་རྒྱ་དཀར་ནག་གཉིས་ཀྱི་བདེ་སྲུང་བློན་གཉིས་ཀྱིས། ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་ནས་ས་མཚམས་རྩོད་རྙོག་ཐད་གྲོས་མོལ་བྱུང་བ་དང་། ལ་དྭགས་སྤང་གོང་མཚོ་ས་མཚམས་ནས་བོད་དམག་ཉི་མ་བསྟན་འཛིན་ལགས་འདས་གྲོངས་སུ་སོང་སྟེ་ཉིན་ཤས་ལས་མ་སོང་བར་བྱུང་ཡོད་པ་དང་། ཕྱོགས་གཉིས་ཀྱི་ཚོགས་འདུའི་སྐོར་ལ་རྒྱ་ནག་ཤིན་ཧྭ་གསར་ཁང་སོགས་ཀྱིས་རྒྱ་དཀར་ནག་གི་གྲོས་མོལ་ལ་གྲུབ་འབྲས་བྱུང་ཡོད་སྐོར་བརྗོད་ཡོད་ཀྱང་། རྒྱ་གར་ཕྱོགས་ནས་གྲོས་མོལ་འགྲོ་བཞིན་ཡོད་སྐོར་ལས་ཕྱོགས་གཉིས་ཀྱི་གྲོལ་མོལ་ལ་གྲུབ་འབྲས་བྱུང་སྐོར་བཀོད་མེད་པ་མ་ཟད། དེ་ལས་ཀྱང་རྒྱ་གར་བདེ་སྲུང་བློན་ཆེན་མཆོག་གིས་རྒྱ་གར་ཕྱོགས་ཀྱི་བདེ་སྲུང་ཐད་ནས་ས་མཐོ་གང་མི་གཏོང་སྐོར་བརྗོད་པ་སོགས་བསྒྲགས་ཡོད་པ་རེད།དེ་བཞིན་སང་ཉིན་ཕྱི་ཚེས་ ༡༠ ཉིན་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་རུ་འཚོག་བཞིན་པའི་རྒྱ་ནག་ཧྲང་ཧེ་མཉམ་འབྲེལ་ཚོང་ལས་ལྷན་ཚོགས་སྟེང་། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཤིན་ཀར་མཆོག་མཉམ་ཞུགས་གནང་གི་ཡོད་པ་དང་།  ཁོང་དེ་རིང་མོ་སི་ཁོར་འགྲོ་ཁར་རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག་ཧ་ཅང་ཛ་དྲག་དང་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པའི་བསྒྲགས་གཏམ་སྤེལ་ཡོད་འདུག ཐེངས་འདིའི་ཚོགས་འདུའི་སྟེང་རྒྱ་དཀར་ནག་གི་ཕྱི་སྲིད་བློན་ཆེན་གཉིས་ཐུག་འཕྲད་གནང་རྒྱུ་ཡིན་པ་དང་། སྐབས་དེར་ཕྱོགས་གཉིས་ནས་བསྐྱར་དུ་ས་མཚམས་རྩོད་རྙོག་ཐད་ཞི་འགྲིག་གྲོས་མོལ་ཡོང་བའི་རེ་བ་བྱེད་བཞིན་ཡོད་འདུག

ད་ལན་ཕྱོགས་གཉིས་བར་མེ་མདའ་འཕེན་རེས་ཀྱི་གནས་ཚུལ་དེ་ལོ་ངོ་ཧྲིལ་བོ་ ༤༥ རྗེས་སུ་ཐོག་མར་བྱུང་བ་ཞིག་ཆགས་ཡོད་པ་དང་། ད་ལྟའི་ཆར་གསར་ལམ་ཁག་ཏུ་ཕྱོགས་གཉིས་ཀྱི་མེ་མདའ་ཐོག་མར་འཕེན་མཁན་ཐད་གླེང་སློང་ཤུགས་ཆེར་ཡོད་གི་ཡོད་པ་དང་། རྒྱ་ནག་ལྷོ་བརྒྱུད་ཞོགས་པའི་ཆ་འཕྲིན་གསར་ཁང་གིས་རྒྱ་དམག་ཕྱོགས་ནས་ཐོག་མར་མེ་མདའ་འཕངས་ཏེ་ཟིང་འཁྲུག་བསླངས་ཡོད་སྐོར་བྲིས་ཡོད་པ་དང་། དེ་བཞིན་བྷི་བྷི་སི་གསར་ཁང་གིས་ཕྱོགས་གཉིས་བར་གནས་ཚུལ་དེ་ལྟར་བྱུང་ཡོད་སྐོར་ལས་ད་དུང་མེ་མདའ་འཕེན་མཁན་གསལ་ཁ་མེད་སྐོར་བརྗོད་འདུག

རྒྱལ་སྤྱིའི་སྟེང་རྒྱ་དཀར་ནག་གི་བོད་ཧིན་ས་མཚམས་རྩོད་རྙོག་ཐད་དོ་སྣང་ཤུགས་ཆེར་ཡོང་གི་ཡོད་པ་དང་། ཉེ་སྔོན་ཕྱི་ཟླ་ ༨ ཚེས་ ༢༩ ཉིན་བོད་དམག་བརྒྱ་དཔོན་ཉི་མ་བསྟན་འཛིན་ལགས་རྐྱེན་འདས་སུ་ཕྱིན་རྗེས། རྒྱལ་སྤྱི་དང་རྒྱ་གར་གྱི་གསར་ལམ་ཁག་ཏུ་ས་མཚམས་རྩོད་རྙོག་གཙོའི་རྒྱ་གར་གྱི་བོད་དམག་གནས་སྟངས་སྐོར་ལ་གླེང་སློང་ཆེན་པོ་ཡོང་གི་ཡོད་པ་དང་། གནས་ཚུལ་དེའི་ཐད་རྒྱ་ནག་གོ་ལའི་དུས་བབ་ཟེར་བས་རྒྱ་གར་གྱིས་བོད་དམག་བེད་སྤྱོད་བཏང་སྟེ། རྒྱ་ནག་ལ་བཙན་འཛུལ་དང་རྩོད་རྙོག་སློང་གི་ཡོད་སྐོར་གྱི་སྐྱོན་བརྗོད་སོགས་བྱས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༩/༠༨

Leave a Reply

2 thoughts on “རྒྱ་དཀར་ནག་གི་དམག་མིས་མེ་མདའ་འཕེན་རེས་བྱས།