བུད་མེད་ལྷན་ཚོགས་ཀྱི་རྩོད་རྙོག་ཨ་རིའི་ཁྲིམས་ལ་གཏུག་འཆར་འདུག

ཨ་རིའི་ནེའུ་ཡོག་དང་ནེའུ་འཇར་སིའི་ས་གནས་བུད་མེད་ལྷན་ཚོགས་ཀྱི་རྩོད་རྙོག་དབུས་ས་གཉིས་ནས་ཐག་གཅོད་རིམ་པ་བྱས་ཡོད་ཀྱང་དོན་འབྲས་མ་ཐོན་པར་ཆེ་རུ་འགྲོ་བཞིན་ཡོད་འདུགཕྱི་ལོ་ ༢༠༡༨ ཀྱི་ལོ་མཇུག་ཙམ་ནས་བཟུང་ཨ་རིའི་ནེའུ་ཡོག་དང་ནེའུ་འཇར་སིའི་ས་གནས་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་ནང་ཁུལ་དུ་རྩོད་རྙོག་ཅིག་བྱུང་བ་དེ་རིམ་གྱིས་ཆེ་རུ་ཕྱིན་ཏེ་སྤྱི་ཚོགས་ནང་ཤུགས་ཆེན་ཁྱབ་བཞིན་ཡོད་པ་དང་། རྙོག་གླེང་ཞི་འཇགས་ཡོང་ཐབས་ལ་སྔ་རྗེས་སུ་བོད་ཀྱི་བུད་མེད་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་། ནེའུ་ཡོག་དང་ནེའུ་འཇར་སིའི་བུད་མེད་ས་རྒྱུན་ ༡༥ དང་ ༡༦ བཅས་ཀྱི་བར་ཡིག་འབྲེལ་རིམ་པ་མང་པོ་བྱུང་ཡོད་ཀྱང་། སྐབས་བཅོ་ལྔ་པའི་རྒྱུན་ལས་ཚོགས་གཙོ་བཀྲ་ཤིས་ཆོས་སྒྲོན་དང་གསར་དུ་བདམས་ཐོན་བྱུང་བའི་སྐབས་བཅུ་དྲུག་པའི་བར་རྩིས་སྤྲོད་མ་བྱུང་བར་བརྟེན། ས་རྒྱུན་སྐབས་ ༡༦ པས་རེ་སྐུལ་གདན་ཞུ་བྱས་པ་ལྟར། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༤ ཉིན་དབུས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་དང་ཚོགས་གཞོན་སྐལ་བཟང་གཡུ་སྒྲོན། དྲུང་ཆེ་ཚེ་རིང་ཆོས་འཛོམས། ཟུང་དྲུང་སྒྲོལ་མ་ཚེ་རིང་བཅས་ཨ་རིར་ཕྱིན་ཏེ་ཟླ་ ༦ ལྷག་འགྲོ་ཡི་ཡོད་པ་དང་།  ཕྱི་ཟླ་ ༨ ཚེས་ ༡༦ ཉིན་བོད་ཀྱི་བུད་མེད་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་ནེའུ་ཡོག་དང་ནེའུ་འཇར་སི་ས་གནས་བུད་མེད་ལྷན་ཚོགས་“ཆིག་སྒྲིལ་ཡོང་ཐབས་’’ཀྱི་མཐའ་མའི་ཐག་གཅོད་དོན་ཚན་ ༧ ཅན་ཞིག་གཏན་འབེབ་གནང་སྟེ། སྐབས་ ༡༥ པའི་རྒྱུན་ལས་གཉིས་ནས་ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༢༡ བར་འགན་འཁུར་ལེན་རྒྱུ་དང་། ལས་ཡུན་དེ་མ་རྫོགས་བར་དུ་སྐབས་ ༡༦ པའི་རྒྱུན་ལས་རྣམས་ཀྱིས་སྒུག་དགོས་པའི་གསལ་བསྒྲགས་གནང་ཡོད་ཀྱང་། སྐབས་ ༡༥ པས་དྭང་ལེན་མ་བྱས་པར་བརྟེན།  ཁ་སང་ས་གནས་དེའི་ཕྱི་ཚེས་ ༧ ཉིན་དབུས་རྒྱུན་བཞི་དང་ནེའུ་ཡོག་ནེའུ་འཇར་སིའི་ས་རྒྱུན་རིམ་པའི་རྒྱུན་ཟུར། དེ་བཞིན་ཚོགས་མི་བཅས་འདུ་འཛོམས་བྱས་ཏེ་ཆུ་ཚོད་འགའ་ལ་གྲོས་བསྡུར་རྩོད་གླེང་བྱུང་རྗེས། དབུས་རྒྱུན་ཚོགས་གཞོན་སྐལ་བཟང་གཡུ་སྒྲོན་ནས་དེ་སྔོན་མི་མང་ནས་འོས་འདེམས་བྱུང་བའི་ས་རྒྱུན་སྐབས་ ༡༦ པས་མུ་མཐུད་འགན་འཁུར་ལེན་རྒྱུ་དང་། ཐེངས་སྔོན་མའི་ཐག་གཅོད་རྩིས་མེད་བཏང་བ་ཡིན་སྐོར་གསལ་བསྒྲགས་བྱས་སོང་།དེ་རིང་སྐབས་ ༡༥ པའི་ཚོགས་གཙོ་བཀྲ་ཤིས་ཆོས་སྒྲོན་དང་ལས་རོགས་བུད་མེད་ཅིག་ནས་དྲ་ཐོག་བརྙན་ཐུང་ཞིག་བཏང་སྟེ། དབུས་བུད་མེད་ལྷན་ཚོགས་ཀྱིས་ཉེ་སྔོན་བསྒྲགས་པའི་མཐའ་མའི་ཐག་གཅོད་ལ་འགྱུར་བ་ཕྱིན་ཏེ་སྐབས་ ༡༥ པ་རྩིས་མེད་དང་སྐབས་ ༡༦ པ་ངོས་ལེན་བྱས་པར་བློ་ཕམ་ཆེན་པོ་ཡོད་པ་དང་། སྤྱི་ཚོགས་དྲ་ལམ་ཁག་ཏུ་གནས་ཚུལ་ཁྱབ་སྤེལ་བྱུང་བར་ངོ་ཚ་བོ་དང་སེམས་པ་སྐྱོ་བོ་བྱུང་སྐོར་དང་། ཉེ་སྔོན་གྱི་དབུས་བུད་མེད་ཀྱི་མཐའ་མའི་ཐག་གཅོད་ནང་འཆར་ལོའི་ཕྱི་ཟླ་ ༣ ཚེས་ ༢༡ བར་སྐབས་ ༡༥ པའི་རྒྱུན་ལས་ནས་ལས་འཁུར་ཞུ་ཆོག་པའི་སྐད་ཆ་བཤད་ཡོད་ཀྱང་། དོན་དངོས་ཐོག་ལག་ཆ་མེད་པའི་དམག་མི་ལྟ་བུ་ཞིག་ཏུ་བཟོས་ཏེ་དངུལ་ཁང་གི་དངུལ་ལ་ལག་པ་འཆིང་མི་ཆོག་ཟེར་གྱི་ཡོད་སྐོར་དང་། ས་རྒྱུན་སྐབས་ ༡༧ པ་ཞིག་འོས་འདེམས་བྱས་ན་མོས་མཐུན་ཡོད་ཀྱང་། གལ་སྲིད་ད་ལན་གྱི་ཐག་གཅོད་རང་སོར་བཞག་པ་ཡིན་ན། ནེའུ་ཡོག་དང་ནེའུ་འཇར་སིའི་ས་གནས་བུད་མེད་ཀྱི་དངུལ་ཁང་དང་འབྲེལ་བའི་ཡིག་ཆ་རྣམས་ཨ་རིའི་གཞུང་ལ་དེབ་སྐྱེལ་བྱས་ཡོད་པས་དབུས་བུད་མེད་ལ་འགན་ཆགས་ཀྱི་མེད་པར་བརྟེན།  ད་ལྟ་དངུལ་ཁང་གི་ཡིག་ཆ་རྣམས་བོད་ཡིག་ཐོག་ཡོད་ཀྱང་སང་ཉིན་ནས་བཟུང་དབྱིན་ཡིག་ནང་བསྒྱུར་ཏེ། ཨ་རིའི་གཞུང་གི་ཁྲིམས་ལ་གཏུགས་ནས་དངུལ་ཁང་གི་ཐོབ་ཐང་ལེན་པའི་ལས་མགོ་བརྩམ་རྒྱུ་ཡིན་ལ། མ་འོངས་པར་ས་གནས་བུད་མེད་གཉིས་ཆགས་པ་ཡིན་ན་དབུས་བུད་མེད་ལྷན་ཚོགས་ནས་འགན་འཁུར་དགོས་སྐོར་བསྒྲགས་འདུགའདི་ལོའི་ཕྱི་ཟླ་ ༨ ཚེས་ ༡༦ ཉིན་ནེའུ་ཡོག་དང་ནེའུ་འཇར་སིའི་སྤྱི་ཁང་ཕུན་ཚོགས་སྡེ་བཞིའི་ནང་དུ། བོད་རིགས་སྤྱི་མཐུན་ཚོགས་པའི་གཙོས་ས་གནས་ཀྱི་ཚོགས་པ་ཆེ་ཁག་ལྔ་དང་དབུས་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ཟུར་གཉིས། སྐབས་ ༡༥ པའི་རྒྱུན་ལས་གཉིས་དང་ ༡༦ པའི་རྒྱུན་ལས་བཅུ་གཅིག་བཅས་ལྷན་འཛོམས་ཐོག བུད་མེད་ལྷན་ཚོགས་ཆིག་སྒྲིལ་ཡོང་ཐབས་ཀྱི་ཐག་གཅོད་དེའི་ནང་། དེ་སྔ་སྐབས་ ༡༥ པའི་རྒྱུན་ལས་རྩིས་མེད་ཡིན་པའི་ཐག་གཅོད་ཟིན་པ་ཕྱིར་འཐེན་གྱིས་སྐབས་ ༡༥ པའི་ད་ཡོད་རྒྱུན་ལས་ངོས་ལེན་བྱས་པ་དང་། ལས་ཡུན་མ་རྫོགས་བར་འགན་ཁུར་རྒྱུན་འཁྱོངས་གནང་དགོས་པ། དེ་བཞིན་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་སྐབས་ ༡༥ པའི་ད་ཡོད་ས་གནས་རྒྱུན་ལས་ཀྱིས་དུས་ཡུན་ལོ་ངོ་གཉིས་རིང་འགན་ཁུར་ཆེན་པོས་ཞབས་ཞུ་སྒྲུབ་པར་ལེགས་གསོལ་ཕྱག་འཁྱེར་འབུལ་རྒྱུ་ཡིན་པ་མ་ཟད། སྐབས་ ༡༦ པའི་ས་གནས་རྒྱུན་ལས་ཀྱིས་སྐབས་ ༡༥ པའི་ས་གནས་རྒྱུན་ལས་ཀྱི་ལས་ཡུན་མ་རྫོགས་བར་ས་གནས་བུད་མེད་ཀྱི་མིང་ཐོག་ནས་ལས་འགུལ་སོགས་གང་ཡང་མ་སྤེལ་བར་གནས་དགོས་པ་དང་། ཐག་གཅོད་དེར་འགྱུར་བ་མེད་སྐོར་བསྒྲགས་ཡོད་པ་མ་ཟད། རྙོག་གླེང་དེའི་འབྱུང་རྐྱེན་གཙོ་བོ་ནི། སྐབས་ ༡༥ པའི་རྒྱུན་ལས་ནང་ཁུལ་དུ་འཆམ་མཐུན་མ་བྱུང་བ་དང་། དབུས་རྒྱུན་ལས་ཀྱིས་ས་གནས་ཀྱི་སྐབས་དེའི་དཀའ་རྙོག་སེལ་ཐབས་ལ་ལྷོད་གཡེང་ཤོར་བ། ཕྱིས་སུ་བོད་རིགས་སྤྱི་མཐུན་ཚོགས་པས་འགྲིག་འཇགས་ཡོང་ཐབས་བྱེད་སྐབས། སྐབས་ ༡༦ པའི་རྒྱུན་ལས་ཀྱིས་ངོས་ལེན་མ་ཞུས་པ་བཅས་ཕྱོགས་ཚང་མ་ནས་འཐུས་ཤོར་ཕྱིན་པ་ཞིག་ལ་ངོས་འཛིན་བྱས་འདུག

འོན་ཀྱང་། སྐབས་དེའི་ཚོགས་ཐོག་ཏུ་ཟུར་དཔང་ལྟ་བུར་མགྲོན་འབོད་གནང་བའི་བོད་རིགས་སྤྱི་མཐུན་ཚོགས་པས་ཕྱི་ཟླ་ ༨ ཚེས་ ༡༨ ཉིན་ཡོངས་ཁྱབ་གསལ་བསྒྲགས་ཤིག་གནང་སྟེ། བཟང་ཕྱོགས་ཀྱི་ཞི་འཇགས་ནང་འགྲིག་ཡོང་བའི་རེ་བ་ཆེན་པོ་བྱས་ཀྱང་། སྟབས་མ་ལེགས་པ་ཞིག་ལ་སྐབས་ ༡༥ དང་ ༡༦ པའི་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ནང་ཁུལ་ཞི་འགྲིག་ཕྱོགས་གཉིས་ཀའི་འདོད་བློ་ཁེངས་པ་ཞིག་མ་བྱུང་སྟབས། སྐབས་ ༡༦ པའི་བོད་རིགས་སྤྱི་མཐུན་ཚོགས་པ་དང་ས་གནས་ཚོགས་སྐྱིད་ཁག་གིས་མང་མོས་ཀྱི་ལམ་ནས་གཏན་འབེབས་གནང་བའི་ལངས་ཕྱོགས་སྔར་སོར་རྒྱུན་གནས་ཀྱིས་སྐབས་ ༡༥ དང་ ༡༦ པའི་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་གཉིས་ཀ་ཕྱིར་བསྡུ་གནང་ནས་སྐབས་ ༡༧ པའི་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་གསར་འདེམས་མ་བྱུང་བར་སྤྱི་ཚོགས་ལྷིང་འཇགས་གཙོར་དམིགས་ཀྱིས་ཕྱོགས་གཉིས་ཀར་ངོས་ལེན་ཞུ་རྒྱུ་མིན་ཞེས་བསྒྲགས།

ས་གནས་བུད་མེད་ལྷན་ཚོགས་ཀྱི་རྩོད་རྙོག་དེ་བྱུང་རྗེས། དེ་སྔོན་གྱི་རྒྱུན་ཟུར་མང་པོ་ཞིག་གིས་ཛ་དྲག་ཚོགས་འདུ་བསྐོངས་ཏེ་ཞི་འཇགས་ཡོང་ཐབས་བྱས་ཡོད་པ་ལྟར། ཉེ་སྔོན་ཕྱི་ཟླ་ ༨ ཚེས་ ༢༩ ཉིན་ས་གནས་བུད་མེད་ལྷན་ཚོགས་སྐབས་ ༧ པ་ནས་སྐབས་ ༡༤ བར་གྱི་ཚོགས་གཙོ་སྤྲེལ་པོ་དང་དྲུང་ཆེ་ཟུར་པ་བཅས་རྒྱུན་ཟུར་གྲངས་ ༡༣ གྱིས། དབུས་རྒྱུན་གྱི་ཐག་གཅོད་དེར་ནམ་ཡང་ངོས་ལེན་མེད་ལ། འབྱུང་འགྱུར་ས་གནས་བུད་མེད་ཀྱི་ལྷན་ཚོགས་ལ་རྙོག་གླེང་ཡོང་རིགས་ཀྱི་འགན་འཁུར་ཆ་ཚང་དབུས་བུད་མེད་ལྷན་ཚོགས་ཀྱི་སྤྱི་ཁྱབ་རྒྱུན་ལས་རྣམ་པ་ཚོར་ཡོད་པ་ལས་ཛ་དྲག་ཚོགས་ཆུང་གི་ཚོགས་མི་ཟུར་པ་ཚོར་མེད་སྐོར་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་འདུག

དེ་བཞིན། ཕྱི་ཟླ་ ༨ ཚེས་ ༢༩ ཉིན་སྐབས་ ༡༥ པའི་ཚོགས་གཙོ་བཀྲིས་ཆོས་སྒྲོན་ལགས་ཀྱིས་དབུས་རྒྱུན་གྱི་མཚན་ཐོག་ལ་ཕུལ་བའི་ཡི་གེའི་ནང་། སྒྲོལ་མ་དབྱངས་ཅན་གྱིས་གཙོ་བོར་བྱས་ཏེ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་རྒྱུན་ནས་ཕུགས་རྒྱང་རིང་པོར་དགོངས་པ་བཞེས་ཏེ། དྲང་པོ་དང་འཁྱོག་བརྗོད་མི་བྱེད་པའི་ལམ་ཕྱོགས་འཛིན་རྒྱུའི་འདུན་པ་མེད་པ་མ་ཟད། ཕྱོགས་གཅིག་ཁོ་ནའི་མངོན་འདོད་སྒྲུབ་ཐབས་བྱེད་ཀྱི་ཡོད་པའི་རྣམ་པ་གསལ་པོ་མཚོན་པར་བྱས་ཡོད། བུད་མེད་ལྷན་ཚོགས་ཀྱི་སྒྲིག་གཞི་ལ་ཆེ་མཐོང་མ་སྤྲད་པའི་ཐོག ས་གནས་བུད་མེད་དང་ས་གནས་བོད་མི་རྣམས་ཀྱི་མངོན་འདོད་སྒྲུབ་པའི་བསམ་བློ་དེ་བས་ཀྱང་མི་འདུག ཅེས་དང་། ས་གནས་བུད་མེད་ལྷན་ཚོགས་སྐབས་བཅོ་ལྔ་པས་ཡིག་ཐོག་ནས་བུད་མེད་སྒེར་ལངས་ཀྱི་མཛད་སྒོར་དབུས་རྒྱུན་བཞི་ཕེབས་དགོས་པའི་མགྲོན་བརྡ་ཕུལ་ཡང་ཡིག་ལན་ཙམ་ཡང་མ་སྤྲད་པར་སྐབས་ ༡༦ པའི་མཛད་སྒོར་མཉམ་ཞུགས་བྱས་ཡོད་པ་མ་ཟད། ཨ་རིའི་གནམ་ཐང་དུ་འབྱོར་བ་ནས་སྐབས་ ༡༦ པའི་རྒྱུན་ལས་ཚོ་དང་མཉམ་ཟ་མཉམ་འཐུང་བྱས་ནས་བསྡད་པ་དང་། ཏོག་དབྱིབས་གཉན་རིམས་ཨ་རིའི་ནང་མ་ཁྱབ་གོང་ནས་དབུས་རྒྱུན་བཞི་ལ་གནད་དོན་ཐག་གཅོད་བྱེད་པའི་ཆུ་ཚོད་ཡོད་ཀྱང་དམ་འཛིན་བྱས་མེད་སྐོར་དང་། དབུས་ནས་བཀའ་ཕེབས་པ་ལྟར། སྐབས་ ༡༥ དང་ ༡༦ ཟེར་བ་གཉིས་སྒོ་བརྒྱབ་སྟེ། སྐབས་ ༡༧ པ་ཡར་བསླང་གི་ཡིན། ཞེས་པ་དེ་ལ་རྒྱབ་སྐྱོར་ཞུ་རྒྱུ་ཁས་བླངས་བ་དེར་འགྱུར་བ་གང་ཡང་མེད། ཅེས་དང་། དེ་ལས་ལྡོག་ཚེ། སྐབས་ ༡༥ པའི་ལས་ཡུན་འདི་ལོའི་ཕྱི་ཟླ་ ༡༢ པའི་ནང་རྫོགས་རྗེས། ཆུ་སོང་ཤུལ་དུ་ཟམ་པ་ལྷག་པའི་དཔེ་ལྟར་ཁོ་རང་ཚོའི་ངོས་ནས་ས་གནས་བུད་མེད་སྐབས་ ༡༦ པ་ཞིག་གསར་འདེམས་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

འདི་གའི་གསར་འགོད་པས་ཟླ་འདིའི་ཕྱི་ཚེས་ ༦ ཉིན་དབུས་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་སུ་འབྲེལ་བ་ཞུས་ཏེ། རྩོད་རྙོག་དང་འབྲེལ་བའི་གནད་དོན་ཁག་ཅིག་གི་ཐོག་སྐད་ཆ་འདྲི་རྩིས་ཡོད་ཀྱང་། ཁོང་མོས་དེ་འབྲེལ་གནད་དོན་ཐོག་གང་ཡང་བཤད་རྒྱུ་མེད་ལ། ས་གནས་ཀྱི་གནས་ཚུལ་ཞི་འཇགས་བྱུང་རྗེས་གསར་འགོད་པར་སྐད་ཆ་བཤད་རྒྱུ་ཡིན་སྐོར་བརྗོད་བྱུང་ལ། དབུས་རྒྱུན་བཞི་ཡིས་འདས་པའི་ཟླ་བ་༦ ལྷག་རིང་ཨ་རིའི་ནང་ལས་དོན་ཅི་བྱས་དང་། མ་འོངས་པར་ཁོ་ཚོས་ག་རེ་གནང་རྒྱུ་ཡིན་མིན་སོགས་ཀྱི་སྐོར་ལ་སྤྱི་ཚོགས་ནང་གླེང་སློང་མང་པོ་ཡོང་གི་འདུག

འདི་ལོའི་ཕྱི་ཟླ་ ༨ ཚེས་ ༡༦ ཉིན་གྱི་དབུས་རྒྱུན་ལས་ཁང་ནས་སྤེལ་བའི་གསལ་བསྒྲགས་ནང་དུ། གནད་དོན་ཞི་འཇགས་ཆེད་སྐབས་ ༡༦ པའི་ས་གནས་བུད་མེད་ལྷན་ཚོགས་ཀྱི་མགྲོན་འབོད་ལྟར། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༤ ཉིན་གྱི་ཆུ་ཚོད་ ༤ དང་ཕྱེད་ཀའི་ཐོག དབུས་རྒྱུན་རྣམས་ས་གནས་སུ་ཕེབས་འབྱོར་བྱུང་ཡོད་པ་དང་། ཉིན་དེའི་མཚན་གྱི་ཆུ་ཚོད་ ༡ ཙམ་བར་དུ་སྐབས་ ༡༦ དང་མཉམ་དུ་གྲོས་བསྡུར་གནང་བ་ནས་བཟུང་། གནད་དོན་དེའི་ཐོག་རྒྱུས་ལོན་དང་གནས་ཚུལ་མཁོ་སྒྲུབ་གནང་སྟེ། དཀའ་ངལ་སེལ་ཐབས་སུ་སྐབས་ ༡༥ པའི་ཚོགས་གཙོ་བཀྲིས་ཆོས་སྒྲོན་ལགས་སུ་སྐབས་ ༡༦ ལ་རྩིས་སྤྲོད་བྱེད་པ་དང་། དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་ཁོང་མོ་དང་ཕྱག་རོགས་རྒྱུན་ལས་ལ་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༨ ཉིན་ནས་ ༢༠༢༠ ཟླ་ ༧ ཚེས་ ༧ ཉིན་བར་དུ་ཕྱག་ལས་གནང་བར་ས་གནས་ཚོགས་པ་ཁག་གི་སྐུ་ཚབ་ལྷན་འཛོམས་ཐོག་ལེགས་གསོལ་ཕྱག་ཁྱེར་དང་མཇལ་དར་ཞིག་ཆེ་མཐོང་ཆེད་འབུལ་རྒྱུ་ཞུས་པར་ཚོགས་གཙོས་ངོས་ལེན་གནང་མེད་པ་དང་། སྐབས་ ༡༥ དང་ ༡༦ གཉིས་ཀ་རྩིས་མེད་ཀྱིས་སྐབས་ ༡༧ པ་ཞིག་གསར་འདེམས་བྱ་རྒྱུའི་ཐད་ལའང་སྐབས་ ༡༦ པའི་རྒྱུན་ལས་ཀྱིས་མོས་མཐུན་མ་བྱུང་། དེ་བཞིན་སྐབས་ ༡༥ དང་ ༡༦ གི་ཛ་དྲག་ཚོགས་ཆུང་དང་ལྷན་དུ་ཚོགས་འདུ་ཐེངས་གཉིས་ཙམ་བྱུང་ཡོད་ནའང་གནད་དོན་འགྲིག་འཇགས་བྱུང་མེད་སྐོར་བརྗོད་འདུག

རྒྱུན་ལས་སྐབས་གཉིས་ཀྱི་རྩོད་རྙོག་གི་བྱུང་རིམ།

ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༠ ཉིན། ནེའུ་ཡོག་དང་ནེའུ་འཇར་སིའི་སྐབས་ ༡༥ པའི་རྒྱུན་ལས་གསར་པ་ ༡༡ འོས་འདེམས་བྱས་ཡོད་པ་དང་།  སྤྱིར་བཏང་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་ལས་ཡུན་ནི་ལོ་གསུམ་ཡིན་ནའང་། ཚོགས་གཙོ་དང་ཚོགས་གཞོན་འོས་འདེམས་བྱེད་སྐབས་ནང་ཁུལ་རྩོད་རྙོག་བྱུང་སྟེ་རྒྱུན་ལས་བཞི་ཡིས་དེ་མ་ཐག་དགོངས་པ་ཞུས་ཡོད་པ་དང་། རིམ་གྱིས་རྒྱུན་ལས་གཞན་ཁག་ཅིག་གིས་ཀྱང་དགོངས་པ་ཞུས་ཏེ་རྒྱུན་ལས་ཀྱི་ཉུང་མཐའི་གྲངས་འབོར་མ་ཟིན་པ་རེད། སྐབས་དེར་ཚོགས་གཙོ་བཀྲ་ཤིས་ཆོས་སྒྲོན་དང་འབྲེལ་བའི་རྙོག་གླེང་གཙོ་བོ་ཞིག་ནི།  ཕྱི་ལོ་ ༢༠༠༧ ཟླ་ ༨ ཚེས་ ༢༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་ལས་ཁུངས་ཀྱིས། སྐབས་བཅོ་ལྔ་པའི་ཚོགས་གཙོ་བཀྲིས་ཆོས་སྒྲོན་གྱི་བཟའ་ཟླ་བསྟན་འཛིན་ནོར་བུས་ཨ་རིར་རྟེན་གཞི་བྱས་པའི་པོ་ཏ་ལ་མཉམ་ལས་ (Potala Cooperation) ཀྱི་འགན་འཛིན་བྱས་རིང་། གཞུང་མང་ལ་ཕན་པའི་ལས་སྣེ་འདི་ཡིན་སྟོན་རྒྱུ་མེད་པའི་ཐོག ལས་རྒྱུན་རིང་གཞུང་དངུལ་ཨ་སྒོར་ ༢༡༨,༦༤༣་༨༥ གྱོང་གུན་བཏང་བ་དང་། ཨ་སྒོར་ ༤༧,༧༡༢་༡༩ སྤྱི་དངུལ་སྒེར་ཟས་བྱས་ཞེས་བཅད་ཁྲ་བཏང་ཡོད་པའི་གནད་དོན་དེ་དང་། ཕྱིས་སུ་གནས་ཚུལ་དེ་ཕ་ཡུལ་དྲ་བའི་ནང་དུའང་ཐོན་ཡོད་པ་རེད།

གསར་དུ་བདམས་ཐོན་བྱུང་བའི་རྒྱུན་ལས་བཞི་ཡིས་རྩ་དགོངས་ཞུས་རྗེས། ཕྱི་ཟླ་ ༡༡ ཚེས་ ༡༨ ཉིན། རྒྱུན་ལས་ལྷག་མ་ ༧ གྱིས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ལ་རྒྱུན་ལས་གསར་འདེམས་གྱི་བརྒྱུད་རིམ་དང་རྒྱུན་ལས་ཕྱིར་འཐོན་བྱས་པ་སྙན་གསེང་ཞུས་པ་དང་། མ་འོངས་ལས་དོན་བྱེད་ཕྱོགས་དང་། བུད་མེད་ལྷན་ཚོགས་ཀྱི་སྒྲི་གཞིའི་ནང་རྒྱུན་ལས་གྱི་གྲངས་ཀའི་ཉུང་ཚད་ཅི་ཡིན། རྒྱུན་ལས་ཁ་སྣོན་ཆེད་བསྐྱར་དུ་གསར་འདེམས་བྱ་དགོས་མིན་ཐད་ལམ་སྟོན་དགོས་སྐོར་ཞུས་ཡོད་པ་ལྟར།  ཟླ་དེའི་ཕྱི་ཚེས་ ༢༧ ཉིན། དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་མི་མང་གིས་གསར་འདེམས་བྱུང་བའི་རྒྱུན་ལས་རྣམས་ལ་འཚམས་འདྲི་དང་སྦྲགས། དམངས་གཙོའི་ལམ་ནས་བཀྲིས་ཆོས་སྒྲོན་ཚོགས་གཙོར་འདེམས་ཐོན་བྱུང་བ་དེར་འགྱུར་བ་ཡོང་ཐབས་མེད་པ་དང་། རྒྱུན་ལས་གསར་པ་བཞིས་འོས་འདེམས་བྱུང་རྗེས་ཕྱིར་འཐེན་བྱུང་བར་དབུས་ལ་བློ་ཕམ་ཡོད་པ། བུད་མེད་ལྷན་ཚོགས་ཀྱི་སྒྲིག་གཞིའི་ཤོག་གྲངས་ ༡༡ ལེ་ཚན་བཅུ་པ་ཨང་དང་པོའི་ནང་བཀོད་པ་ལྟར། ས་གནས་རྒྱུན་ལས་ཀྱི་གྲངས་ཚད་ ༧ ནས་ ༡༡ བར་ཡིན་པ་དེ་ལྟར་ལག་ལེན་དགོས་པའི་བཀོད་ཁྱབ་དང་སྦྲགས། མ་འོངས་སྒྲིག་འཛུགས་དང་ལས་འཆར་གང་ཅིའི་ཐད་དཀའ་ངལ་རིགས་བྱུང་སྐབས་ལྷན་ཚོགས་ཀྱི་སྒྲིག་གཞིའི་དེབ་ཆུང་བེད་སྤྱོད་གཏོང་རྒྱུའི་ལམ་སྟོན་གནང་།

ཕྱི་ལོ་ ༢༠༡༩ ལོའི་ ༩ ཚེས་ ༢༠ ཉིན། ནེའུ་ཡོག་དང་ནེའུ་འཇར་སི་ས་གནས་བུད་མེད་ལྷན་ཚོགས་ཀྱི་སྐབས་ ༡༥ པའི་རྒྱུན་ལས་གསུམ་དང་སྐབས་སོ་སོའི་ཚོགས་གཙོ་དང་ཚོགས་གཞོན་ཟུར་བ་གྲངས་ ༢༦ གིས་ཛ་དྲག་ཚོགས་འདུ་བསྡུས་ཏེ།  སྐབས་ ༡༥ པའི་ཚོགས་གཙོ་བཀྲིས་ཆོས་སྒྲོན་ཚུད་པའི་ཚོགས་བཅར་བ་ཚོས་རྒྱུན་ལས་གསར་འདེམས་དགོས་རྒྱུར་མོས་མཐུན་བྱུང་སྐོར་དང་། ཚིག་ཐོ་དོན་ཚན་ ༡༩ ནང་འོས་མི་གསར་འདེམས་སྐབས། སྐབས་ ༡༥ པའི་རྒྱུན་ལས་རྣམས་སླར་ཡང་རྒྱུན་ལས་སུ་བཞེངས་རྒྱུ་མིན་པ་སྤྱི་མོས་བྱུང་སྐོར་དང་འབྲེལ།  བཀྲ་ཤིས་ཆོས་སྒྲོན་ཚུད་པའི་ཚོགས་ཞུགས་པ་ ༢༦ གི་མཚན་རྟགས་བརྒྱབ་འདུག་ཀྱང་། བཀྲ་ཤིས་ཆོས་སྒྲོན་གྱིས་མོའི་མཚན་རྟགས་དེ་སྐབས་དེར་ཚོགས་ཞུགས་བྱས་པའི་མཚན་རྟགས་ཡིན་པ་ལས་ཚིག་ཐོའི་ནང་དོན་ལ་མོས་མཐུན་བྱས་པའི་མཚན་རྟགས་མིན་སྐོར་བརྗོད་བྱུང་། གང་ལྟར་དྲ་ལམ་བརྒྱུད་དབུས་ས་གཉིས་ནས་གྲོས་བསྡུར་བྱས་པ་བརྒྱུད། དབུས་རྒྱུན་ནས་ཛ་དྲག་ཚོགས་ཆུང་གི་ཐག་གཅོད་དེར་མོས་མཐུན་གནང་ཡོད་པ་མ་ཟད། རྒྱུན་ལས་འོས་བསྡུའི་ཉིན་དེར་སྐབས་ ༡༥ པའི་རྒྱུན་ལས་རྣམས་ཀྱིས་ལྷན་ཚོགས་ཀྱི་གལ་ཆེའི་ཡིག་ཆ་དང་རྒྱུ་ནོར་ཅི་ཡོད་རྩིས་སྤྲོད་གཙང་མ་དགོས་པའི་ལམ་སྟོན་གནང་།

ཕྱི་ཟླ་ ༡༠ ཚེས་ ༣ ཉིན། ཚོགས་གཙོ་བཀྲིས་ཆོས་སྒྲོན་གྱིས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ལ་ས་གནས་ཀྱི་ལས་ཤོག་ཐོག་ཡིག་འབྲེལ་བྱས་པའི་ནང་།  གཞི་རྩ་གང་ཡང་མེད་པའི་ཐོག་སྐབས་ ༡༥ པའི་རྒྱུན་ལས་རྩིས་མེད་ཡིན་པའི་ཐག་གཅོད་གནང་བ་དེ་ནི་བུད་མེད་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་དང་འགལ་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༦ ཉིན་དྲ་ཐོག་བརྙན་ལམ་གྱི་ཚོགས་འདུ་ཟེར་བ་དེར། ས་གནས་ཀྱི་ཚོགས་གཙོ་ལས་ཐོག་བཀྲིས་ཆོས་སྒྲོན་ཚུད་པའི་རྒྱུན་ལས་ཀྱི་མཉམ་ཞུགས་མེད་པར་ཐག་གཅོད་བྱས་ཡོད་པ་དང་། དེ་ནི་ཁྲིམས་སྒྲིག་དང་འགལ་ཡོད་པ་མ་ཟད། སྐབས་ ༡༥ པའི་ས་གནས་ཀྱི་ལས་དོན་བྱེད་ཕྱོགས་ལ་བསྔགས་བརྗོད་དང་ཆེ་མཐོང་མ་སྤྲད་པ་ཞིག་ཡིན་སྐོར་དང་། དགོས་འདུན་དོན་ཚན་ ༣ བཏོན་པའི་ནང་། བུད་མེད་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་ལྟར་རྒྱུན་ལས་ཁ་ཚང་ཡོང་ཐབས་སུ་དམིགས་བསལ་འོས་འདེམས་བྱེད་དགོས་པ་དང་། འོས་བསྡུ་དྲང་བདེན་དང་འདྲ་མཉམ་ཡོང་ཐབས་སུ་ས་གནས་ཀྱི་ཚོགས་པ་ཁག་གི་ཚོགས་གཙོ་དང་འཐུས་མི་གདན་ཞུ་བྱེད་དགོས་པ། དེ་བཞིན་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་ས་གནས་འོས་བསྡུར་རམ་འདེགས་བྱེད་ཆེད་དབུས་ཀྱིས་འཐུས་མི་བསྐོ་བཞག་ཆོག་པ་ཡིན་སྐོར་བཅས་བཀོད་འདུག

ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༦ ཉིན་ཛ་དྲག་ཚོགས་ཆུང་གི་གོ་སྒྲིག་འོག སྐབས་ ༡༦ པའི་ས་གནས་བུད་མེད་རྒྱུན་ལས་གྲངས་ ༡༡ འོས་འདེམས་བྱས་ཡོད་པ་དང་། དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ངོས་བཞེས་གནང་བ་དང་སྦྲགས། སྐབས་ ༡༥ པའི་རྒྱུན་ལས་ནས་ལས་མཚམས་འཇོག་དགོས་པ་དང་། ཕྱི་ཟླ་ ༡༠ ཚེས་ ༡༣ ཉིན་གྱི་ཕྱི་དྲོར་རྩིས་སྤྲོད་རྩིས་ལེན་ཚར་དགོས་པའི་བཀའ་ཁྱབ་ཐེངས་འགར་བཏང་ཡོད་ཀྱང་དོན་འབྲས་མ་བྱུང་བར་བརྟེན། སྐབས་ ༡༦ པའི་ཚོགས་གཙོ་དང་རྒྱུན་ལས་རྣམས་ཀྱིས་གནས་སྐབས་རིང་ལས་ཀ་མགོ་འཛུགས་བྱ་རྒྱུའི་ཆེད་ཡིག་ཆ་དང་ཐེལ་ཙེ་རྣམས་གསར་དུ་བཟོ་ཆོག་པའི་བཀའ་འཁྲོལ་གནང་ཡོད་འདུག

ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡ ཉིན་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་དང་ས་གནས་བུད་མེད་སྐབས་ ༡༥ དང་ ༡༦ གི་རྒྱུན་ལས་ལྷན་འཛོམས་ཐོག་གྲོས་ཆོད་དོན་ཚན་གསུམ་ཅན་ཞིག་བཞག་པའི་ནང་། དང་པོ་སྐབས་ ༡༥ དང ༡༦ གཉིས་ཟུང་འབྲེལ་ཐོག་སྟོན་པ་ཡེ་ཤུའི་འཁྲུངས་སྐར་དུས་ཆེན་ཉིན་ (Christmas) ས་གནས་བུད་མེད་ཀྱིས་དཔལ་འབྱོར་འདུ་འགོད་བྱ་རྒྱུ་དང་། ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༣ ཉིན་རྒྱུན་ལས་གསར་རྙིང་གཉིས་བར་རྩིས་སྤྲོད་རྩིས་ལེན་བྱ་རྒྱུ། དཔལ་འབྱོར་འདུ་འགོད་སྐབས་རྒྱུན་ལས་གསར་རྙིང་གཉིས་ཀྱིས་ཕན་ཚུན་བར་ཐུགས་རྗེ་ཆེ་ཞུའི་མཇལ་དར་བསྒྲོན་རྒྱུ། དེ་བཞིན་བོད་རིགས་སྤྱི་མཐུན་ཚོགས་པས་བུད་མེད་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་སྐབས་ ༡༥ པའི་རྒྱུན་ལས་ ༣ ལ་ཕྱག་ཁྱེར་འབུལ་ཐབས་ཐོག་འབད་བརྩོན་བྱ་རྒྱུ་བཅས་ལ་ས་རྒྱུན་ཕྱོགས་གཉིས་ནས་མོས་མཐུན་མཚན་རྟགས་བརྒྱབ་ཡོད་ཀྱང་། ཕྱིས་སུ་སྐབས་ ༡༦ པའི་རྒྱུན་ལས་ལྷན་འཛོམས་ཀྱི་གོ་བསྡུར་བྱུང་རྗེས་ཐག་གཅོད་དེར་མོས་མཐུན་བྱུང་མེད་པ་རེད།

ད་ལྟ་ནེའུ་ཡོག་དང་ནེའུ་འཇར་སི་ས་གནས་སུ་དུས་དྲན་དང་དུས་ཆེན་སྐབས་སུ། བུད་མེད་ལྷན་ཚོགས་ཁག་གཉིས་སུ་གྱུར་ཏེ་ས་གནས་གཅིག་ལ་ལས་འགུལ་གཉིས་རེ་འདུག བུད་མེད་ཀྱི་ལོ་སར་གཉིས་དང་བུད་མེད་ཉིན་མོའི་དུས་དྲན་གཉིས། བུད་མེད་ཀྱི་དཔལ་འབྱོར་འདུ་འགོད་ཀྱི་ལས་འགུལ་གཉིས་རེ་ཡོང་གི་ཡོད་པ་མ་ཟད། ལས་ཁུངས་ཀྱི་ཐམ་ཀ་གཉིས་དང་ལས་ཤོག་གཉིས། ཐ་ན་ཚོགས་པའི་གཞུང་འབྲེལ་ངོ་དེབ་སོགས་ཀྱང་གཉིས་རེ་ཆགས་འདུག་ལ། སྐབས་ ༡༥ པའི་རྒྱུན་ལས་གཉིས་ནས་དངུལ་ཁང་གི་བདག་དབང་སྐབས་ ༡༦ པར་རྩིས་སྤྲོད་བྱས་ཡོད་པར་བརྟེན། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡༥ ཉིན་རྒྱུན་ལས་སྐབས་ ༡༥ པའི་ཚོགས་གཙོ་བཀྲ་ཤིས་ཆོས་སྒྲོན་ནས་དངུལ་ཁང་ལ་ཡིག་འབྲེལ་བྱས་ཏེ། ཚོགས་པའི་དངུལ་ཁང་ལ་གནས་སྐབས་རིང་ལག་པ་འཆིང་མ་ཐུབ་པ་བཟོ་དགོས་པའི་རེ་སྐུལ་ཡང་ཞུས་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༩/༡༡

Leave a Reply

2 thoughts on “བུད་མེད་ལྷན་ཚོགས་ཀྱི་རྩོད་རྙོག་ཨ་རིའི་ཁྲིམས་ལ་གཏུག་འཆར་འདུག

  1. ནེའུ་ཡོག་གི་ལོ་མ།

    དབུས་བོད་ཀྱི་བེུད་ཚོགས་པའི་ཚོགས་གཙོ་ཟེར་བ་རྨོ་རྒན་དེས་དབུ་འཁྲིད་པ་རྒྱུན་ལས་ཚོས་ནེའུ་ཡོག་བེུད་རྣམས་དཀྲུག་མ་བསྡད་རང་སར་བཞགས་རོགས། ཁྱེད་རྣམ་པ་ཟླ་དྲུག་ལྷག་ནེའུ་ཡོག་བསྡད་པ་དེ་བེུད་ཚོགས་པའི་གཞུང་འབྲེལ་རྩིས་ཀྱི་ཡོད་རེད་དམ། སྒེར་དགོངས་རེད། གཞུང་འབྲེལ་རྩིས་ཀྱི་ཡོད་ན་ཕྱོགས་བསྐྱོད་ལས་ཡུན་དེ་འདྲ་རིང་པོ་ཞིག་འཛམ་གླིང་རྒྱལ་ཁབ་སུ་ལའང་ཡོད་ཚོད་མི་འདུག་པས་གཞུང་འབྲེལ་གྱི་ལས་དོན་ག་རེ་གནང་གི་ཡོད་རེད། སྒེར་དགོངས་ཡིན་ན་ཚོགས་པ་ཞིག་གི་རྒྱུན་ལས་དང་ཚོགས་གཙོ་མིང་ཁུར་ནས་ལོ་གཅིག་ལ་ཟླ་བ་ལྔ་དྲུག་ཙམ་ལས་ལས་ཁུངས་ལ་ཚོགས་བཅར་མ་དགོས་པའི་སྒྲིག་གཞི་དེ་འདྲ་ཡོད་དམ། དེ་ཚོ་ཡང་ཚང་མས་ཐུགས་བསམ་བཞེས་དགོས་འདུག
    ནེའུ་ཡོག་སྐབས་བཅོ་ལྔ་པའི་ཚོགས་གཙོ་བཀྲ་ཤིས་ཆོས་སྒྲོན་ཟེར་བ་ཁྱེད་རང་གིས་ངེས་པ་ཚོགས་པ་རྩིས་སྤྲོད་བྱེད་དགོས་རེད། ཚོགས་པའི་ཁ་དབང་དེ་སྤྱི་རྒྱུ་ཡིན་ཙང་མི་སྒེར་པ་དང་རང་གི་འདོད་ཕྱོགས་དང་མཐུན་མིན་ལ་བསྣད་ནས་སྤྱི་རྒྱུ་སྒེ་བདག་བྱས་པ་དེ་ནོར་རེད། ཁྱེད་ཀྱིས་ནེའུ་ཡོག་ས་གནས་བེུད་ཚོགས་པ་ལ་མི་རྒྱུ་གཉིས་ཀས་བློས་གཏོང་ཆེན་པོའི་ཞབས་ཞུ་བྱེད་བཞག་པ་གལ་མེད་བ། ཁྱེད་རང་ལ་ནང་ཁུལ་རྒྱུན་ལས་ཚོས་ངོ་རྒོལ་བྱེད་སྟངས་ལ་ལྟས་ན་ཁྱེད་རང་ལ་སྐྱོན་ཡོད་པ་ཏན་ཏན་རེད། དེ་འདྲ་ཡིན་ཙང་ཁྱེད་རང་ཁྱོ་གས་སྤྱི་རྒྱུ་སྒེར་ཟས་བྱེད་པའི་ཉེས་དམིགས་ཕོག་རེད། ད་ཁྱེད་རང་ལ་ཡང་མིང་ཆད་དེ་འདྲ་ཕོག་སོང་ན་ཁྱེད་བཟའ་ཚང་གཉིས་ལ་བུ་རྒྱུད་འདྲ་ཡོད་ན་ཁོང་ཚོ་མ་འོངས་པ་སྤྱི་ཚོགས་ནང་ཡིད་ཆེས་གནང་མཁན་དང་ཆ་འཇོག་བྱེད་མཁན་རག་གི་རེད་པས། དེ་ལས་ལྡོག་ནས་སྤྱི་རྒྱུ་སྒེ་བདག་པའི་བུ་རྒྱུད་རེད་ཅེས་འཕྱ་མོད་ཡོང་ངེས་རེད། དེ་ངེས་པར་དགོངས་བཞེས་གནང་ན་ཡག་པོ་འདུག