ནང་སོག་གི་སྐད་ཡིག་སྲུང་སྐྱོབ་པ་མང་པོ་འཛིན་བཟུང་བྱས།

རྒྱ་ནག་གཞུང་གིས་ནང་སོག་ཏུ་རྒྱ་སྒྱུར་སློབ་གསོ་སྤེལ་བར་ངོ་རྒོལ་བྱས་ཏེ་ཉུང་མཐར་ས་གནས་ཀྱི་མགོ་འཁྲིད་གཉིས་ཚུད་པའི་སོག་སྐད་སྲུང་སྐྱོབ་པ་མི་གྲངས་ ༢༣ འཛིན་བཟུང་བྱས་ཡོད་འདུགཁ་སང་ཕྱི་ཚེས་ ༨ ཉིན། ཨ་རིའི་ཊམ་གསར་ཁང་(TIME)གིས་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་ནང་སོག་རང་སྐྱོང་ལྗོངས་ཀྱི་རྒྱ་སྒྱུར་སློབ་གསོར་ངོ་རྒོལ་བྱེད་མཁན་མི་གྲངས་ ༢༣ འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་། ནང་སོག་ས་གནས་དམར་ཤོག་ཚོགས་མི་གཉིས་ལ་ལས་དོན་ཡག་པོ་མི་བྱེད་པ་དང་། ཉེན་རྟོག་ཕྱོགས་ལ་རོགས་སྐྱོར་མ་བྱས་པའི་ཉེས་མིང་འོག་དམར་ཤོག་ཚོགས་པའི་ཁོངས་ནས་ཕྱིར་འཕུད་དང་འདྲི་ཞིབ་བྱ་རྒྱུ་ཡིན་འདུག

ཨ་ཕེ་གསར་ཁང་གིས་སྤེལ་བའི་དེ་འབྲེལ་གནས་ཚུལ་ནང་། ཉེན་རྟོག་པས་མི་སྣ་དེ་དག་འཛིན་བཟུང་བྱེད་དོན་མི་མང་ཁྲོད་ས་ཡིག་བསྡུ་རུབ་དང་། སྤྱི་ཚོགས་ཁྲོད་ཤུགས་རྐྱེན་ངན་པ་འཇོག་ཐབས་དང་དཀའ་རྙོག་བཟོ་ཐབས་བྱེད་བཞིན་པ་མ་ཟད། སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་བརྙན་དང་གནས་ཚུལ་རིགས་ཁྱབ་སྤེལ་བཏང་བཞིན་ཡོད་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་སྐོར་བརྗོད་ཡོད་པ་དང་། འཛིན་བཟུང་ཐེབས་པའི་ནང་སློབ་གྲྭའི་དགེ་རྒན་དང་སྐད་ཡིག་ཐོབ་ཐང་ལས་འགུལ་གྱི་སྣེ་འཁྲིད་མཁན་ཁག་ཅིག་ཡོད་པའི་ཚོད་དཔག་བྱེད་བཞིན་འདུག

ཡང་ཨ་རིར་གནས་སྡོད་ལྷོ་སོག་པོའི་འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁང་(Southern Mongolian Human Rights Information Center)ལྟེ་གནས་ཁང་གི་ཚོགས་མི་(Enghebatu Togochog)ཞེས་པ་ཞིག་གིས། ད་ལྟའི་ཆར་འཛིན་བཟུང་ཐེབས་པའི་མི་སྣ་དེ་དག་སུ་ཡིན་དང་གནས་སྟངས་ག་འདྲ་ཡོད་སོགས་གསལ་ཁ་མེད་པ་དང་། སྔོན་ཆད་ང་ཚོས་བར་སྐད་འཕྲིན་བརྒྱུད་འབྲེལ་ལམ་བྱུང་གི་ཡོད་སྟབས། གནས་ཚུལ་ཁག་ལེན་སྟབས་བདེ་བོ་ཡོད་ན་ཡང་། ཉིན་ཤས་རྗེས་ནས་སྤྱི་ཚོགས་དྲ་ལམ་ཁག་ལ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པས་གནས་ཚུལ་རག་རྒྱུ་ཧ་ཅང་ཁག་པོ་ཆགས་ཡོད་སྐོར་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༡ ནས་བཟུང་ནང་སོང་རང་སྐྱོང་ལྗོངས་ནང་རྒྱ་ནག་གཞུང་གིས་རྒྱ་སྒྱུར་སློབ་གསོ་ལག་བསྟར་བྱས་པ་ནས། སློབ་མ་མང་པོའི་ཁྱིམ་བདག་ནས་བུ་ཕྲུག་སློབ་གྲྭར་མི་སྐྱེལ་བའི་ངོ་རྒོལ་ཤུགས་ཆེན་བྱས་དང་བྱེད་བཞིན་ཡོད་པ་ལྟར། ད་ལྟའི་ཆར་རྒྱ་ནག་གཞུང་གིས་ཐབས་ཤེས་འདྲ་མིན་བརྒྱུད་ཕ་མ་ཚོར་བུ་ཕྲུག་སློབ་གྲྭར་སྐྱེལ་དགོས་པའི་འཇིགས་སྐུལ་བྱེད་ཀྱི་ཡོད་པར་བརྟེན། གྲོང་ཁྱེར་ཁག་ནས་སློབ་ཕྲུག་ཁ་ཤས་སློབ་གྲྭར་ལོག་དགོས་བྱུང་ཡོད་ཀྱང་། ནང་སོག་འབྲོག་ཐང་ཁུལ་དང་གྲོང་གསེབ་ཁག་ནས་ད་དུང་སློབ་གྲྭར་གཏོང་གི་མེད་འདུག

ནང་སོག་སྐད་ཡིག་ཐོབ་ཐང་རྩོད་ལེན་གྱི་ངོ་རྒོལ་ལས་འགུལ་བྱུང་བ་ནས་བཟུང་། རྒྱ་ནག་གཞུང་གིས་ས་གནས་སོ་སོར་ཉེན་རྟོག་མི་སྣ་འགྲེམས་འཇོག་ཤུགས་ཆེན་བྱེད་པ་དང་། སྤྱི་ཚོགས་དྲ་ལམ་དུ་གནས་ཚུལ་བཀག་སྡོམ་བྱེད་ཀྱི་ཡོད་འདུག ཧོར་ཆིན་རྫོང་ (Horqin) མི་མང་ཉེན་རྟོག་ལས་ཁུངས་ཀྱིས་མི་གྲངས་ ༡༣༠ ཙམ་གྱི་པར་རིས་དྲ་ཐོག་ཏུ་བཞག་ཏེ། མི་དེ་ཚོ་ནི་སློབ་ཕྲུག་གི་ངོ་རྒོལ་སྐུལ་སློང་བྱེད་མཁན་ཡིན་པའི་དོགས་གཞི་ཡོད་པས་ཉེན་རྟོག་ལས་ཁུངས་སུ་རང་འགུལ་གྱིས་མགོ་འདོགས་བྱེད་དགོས་སྐོར་ཁྱབ་སྤེལ་བཏང་ཡོད་པ་དང་། ས་གནས་དམར་ཤོག་མགོ་འཁྲིད་གཉིས་ལ་ཉེན་རྟོག་ཕྱོགས་ལ་རོགས་སྐྱོར་མ་བྱས་པའི་ཉེས་མིང་འོག་དམར་ཤོག་ཚོགས་པ་ནས་ཕྱིར་འཕུད་དང་འདྲི་ཞིབ་བྱ་རྒྱུ་ཡིན་འདུག

རྒྱ་ནག་གཞུང་གིས་སྐད་གཉིས་སློབ་གསོ་ཟེར་བའི་རྒྱ་སྒྱུར་སློབ་གསོ་ནི་རྒྱ་སྐད་ཁོ་ནའི་ལམ་ནས་སློབ་གསོ་སྤྲོད་ཐབས་ཀྱི་མི་རིགས་བཙན་སྒྱུར་གྱི་སློབ་གསོའི་བྱ་ཐབས་ཤིག་ཡིན་པ་དང་། སློབ་གསོ་དེ་དེ་སྔ་བོད་དང་གྲངས་ཉུང་མི་རིགས་ཁག་གི་ནང་སྔ་ཕྱི་བར་གསུམ་དུ་ལག་བསྟར་བྱ་ཐབས་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གི་དམིགས་ཡུལ་དེར་བོད་ཁུལ་གྱི་སློབ་གྲྭ་ཁག་དང་ཁྱིམ་བདག་སོགས་ཀྱིས་ངོ་རྒོལ་ཤུགས་ཆེན་བྱས་ཏེ་གྲུབ་འབྲས་གང་ལེགས་ཐོན་ཡོད་པ་དང་།  འདི་ལོ་ཡང་ནང་སོག་ནས་སློབ་མགོ་ཚུགས་པའི་ཉིན་མོ་དང་བསྟུན་སློབ་མ་འབུམ་ ༣ ལྷག་གིས་རྒྱ་ནག་གི་སྐད་ཡིག་སྲིད་བྱུས་དེར་ངོ་རྒོལ་བྱས་ཏེ་སློབ་གྲྭར་ཕྱིན་མེད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༩/༠༩

Leave a Reply