རྒྱལ་སྤྱིའི་ཚོགས་པ་ ༡༦༠ ཙམ་གྱིས་རྒྱ་ནག་ལ་ངོ་རྒོལ་བྱ་རྒྱུ་ཡིན་འདུག

བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དྲུག་གི་གོ་སྒྲིག་འོག་གླིང་ཕྲན་ལྔའི་རྒྱལ་ཁབ་ ༥༠ ལྷག་གི་ནང་རྒྱལ་སྤྱིའི་ཚོགས་པ་ཁག་ ༡༦༠ ཙམ་གྱིས་ཕྱི་ཟླ་ ༡༠ ཚེས་གཅིག་སྟེ་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ལ་ངོ་རྒོལ་ལས་འགུལ་སྤེལ་རྒྱུ་ཡིན་འདུག དེ་རིང་ཕྱི་ཚེས་ ༩ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཁང་དུ། བཙན་བྱོལ་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་དྲུག་སྟེ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་ཀྱི་བུད་མེད་ལྷན་ཚོགས། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་བཅས་ཀྱིས་མཉམ་འབྲེལ་གྱི་བསྒྲགས་གཏམ་ཞིག་སྤེལ་ཏེ། ཕྱི་ལོ་ ༢༠༢༢ ལོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་རྒྱ་ནག་ནང་འཚོག་རྒྱུའི་ཐག་གཅོད་བྱེད་པར་ངོ་རྒོལ་དང་། རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཉིན་དང་བསྟུན། རྒྱ་ནག་གཞུང་གི་རྒྱ་སྐྱེད་རིང་ལུགས་དང་དྲག་གནོན་ཀྱི་སྲིད་བྱུས་ལ་ངོ་རྒོལ་ཡོད་པའི་གོ་ལ་རང་བཞིན་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་འཆར་ཡོད་སྐོར་བསྒྲགས་སོང་།

གསལ་བསྒྲགས་སྐབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་འགྲུབ་ལགས་ཀྱིས། འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༡ ཉིན་རྒྱལ་ཁབ་ ༥༠ ལྷག་གི་ནང་མུན་ནག་གི་ཉིན་མོ་ཞེས་རྒྱ་ནག་གི་དྲག་གནོན་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་གྱི་ཡིན་པ་སྔོན་བརྡའི་གསལ་བསྒྲགས་དང་། དེ་རིང་སུད་སིའི་ནང་རྒྱལ་སྤྱིའི་ཨོ་ཕིག་རྩེད་འགྲན་ཚོགས་ཆུང་གིས་དྲ་ཐོག་བརྒྱུད་དགུན་ཁའི་ཨོ་ཕིག་རྩེད་འགྲན་རྒྱ་ནག་ནང་འཚོག་རྒྱུ་གོ་བསྡུར་བྱེད་ཀྱི་ཡོད་སྟབས། བོད་ཀྱི་ཚོགས་པ་ཁག་གཙོ་བོར་གྱུར་བའི་རྒྱལ་སྤྱིའི་ཚོགས་པ་ཁག་ ༡༦༠ ཙམ་གྱིས་དེ་ལ་ངོ་རྒོལ་དང་དགོས་འདུན་བཏོན་ཏེ། དགུན་ཁའི་ཨོ་ཕིག་རྩེད་འགྲན་རྒྱ་ནག་ནང་རྩེ་རྒྱུ་ཐག་གཅོད་བྱུང་ཚེ། དེ་ནི་ཧ་ཅང་ནོར་འཁྲུལ་ཅན་གྱི་ཐག་གཅོད་ཅིག་ཡིན་པ་དང་། བོད་སོགས་གྲངས་ཉུང་མི་རིགས་ཚོས་ངོ་རྒོལ་སྐྱོན་བརྗོད་ཤུགས་ཆེན་ཡོད་སྐོར་བསྒྲགས་སོང་།

ཡང་ཁོང་གིས། ཕྱི་ལོ་ ༢༠༠༨ ལོའི་ཨོ་ཕིག་རྩེད་འགྲན་སྐབས་བོད་མིའི་སྣེ་ཁྲིད་དེ་ལས་འགུལ་མང་པོ་སྤེལ་ཡོད་ནའང་། སྐབས་དེར་ཨོ་ཕིག་རྩེད་འགྲན་ཚོགས་ཆུང་གིས་ཕྱི་ལོ་ ༢༠༠༨ ལོའི་རྩེད་འགྲན་བསྡུས་རྗེས་རྒྱ་ནག་ནང་གི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་འགྲོ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད། ད་ལྟ་མི་ལོ་ ༡༢ ཀྱི་རིང་རྒྱ་ནག་གཞུང་གི་མཁྲེགས་འཛིན་གྱི་སྲིད་བྱུས་འཛིན་སྟངས་ཛ་དྲག་ཏུ་ཕྱིན་ཡོད་སྟབས། རྒྱལ་སྤྱིའི་ཚོགས་པ་ཁག་ ༡༦༠ གྱི་དགོས་འདུན་ལ་མཚན་རྟགས་བརྒྱབ་ནས་སྙན་ཞུ་ཕུལ་ཟིན་ཡོད་སྐོར་འགྲེལ་བརྗོད་གནང་སོང་།

ཚོགས་པ་ཁག་གི་མཉམ་འབྲེལ་བསྒྲགས་གཏམ་ནང་། རྒྱ་ནག་དམར་ཤོག་གཞུང་གི་རྒྱ་སྐྱེད་རིང་ལུགས་དང་དྲིལ་བསྒྲགས་སྲིད་བྱུས། དཔལ་འབྱོར་གྱི་ཤུགས་རྐྱེན་སོགས་ལ་འཛམ་གླིང་སྟོབས་ལྡན་རྒྱལ་ཁབ་ཁག་གིས་མཉམ་འབྲེལ་གྱི་ལས་འགུལ་སྤེལ་ཏེ། རྒྱ་ནག་གི་དབང་འཛིན་སྲིད་དབང་ལ་འགྲན་སློང་བྱ་རྒྱུ་དང་།  རྒྱ་ནག་གཅིག་གི་སྲིད་ཇུས་དེ་མཇུག་སྒྲིལ་རྒྱུ། རྒྱ་ནག་གཞུང་ལ་དཔལ་འབྱོར་གྱི་བཀག་སྡོམ་དང་ཆབ་སྲིད་ཀྱི་གནོན་ཤུགས་སྔར་ལས་ཆེ་བ་སྤྲད་དེ་རྒྱ་ནག་འགྱུར་ལྡོག་གཏོང་དགོས་པ། བོད་ནི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་ངོས་ལེན་བྱེད་པར་སྐུལ་འདེད་བྱེད་པ་པའི་རེ་སྐུལ་ཞུས་འདུག་པ་དང་། བོད་ནི་ལོ་རྒྱུས་ཐོག་རང་བཙན་གཙང་མ་ཡིན་པའི་རྒྱལ་ཁབ་ཅིག་ཡིན་ནའང་། དེང་སྐབས་རྒྱ་ནག་དམར་པོའི་སྲིད་གཞུང་གིས་ཁྲིམས་འགལ་གྱི་བཙན་བཟུང་བྱས་པའི་གནས་བབ་འོག་ཡོད་པ་གསལ་བརྗོད་བྱས་འདུག

དེ་བཞིན་བསྒྲགས་གཏམ་དེའི་ནང་། རྒྱལ་སྤྱིའི་ཨོ་ཕིག་རྩེད་འགྲན་ལྷན་ཚོགས་ཀྱིས་པེ་ཅིང་ལ་ཨོ་ཕིག་རྩེད་འགྲན་གྱི་མཚན་སྙན་སྤྲོད་པའི་ནོར་འཁྲུལ་ཅན་གྱི་ཐག་གཅོད་མི་བྱ་རྒྱུ་དང་། རྒྱལ་སྤྱིའི་ཨོ་ཕིག་རྩེད་འགྲན་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༠༨ ལོའི་ཨོ་རྩལ་འགྲན་ཚོགས་རྒྱ་ནག་ནང་འཚོགས་པར་བརྟེན། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ལེགས་སུ་གཏོང་རྒྱུར་ཕན་ཐོགས་ཡོད་པའི་རེ་བ་དང་ངོས་འཛིན་བྱས་ཡོད་ནའང་། འདས་པའི་ལོ་ངོ་ ༡༢ ཙམ་རིང་རྒྱ་ནག་དམར་གཞུང་གི་དབང་སྒྱུར་གདུག་རྩུབ་ཇེ་ཆེར་སོང་ཡོད་པས། རྒྱལ་སྤྱིའི་ཨོ་ཕིག་རྩེད་འགྲན་ལྷན་ཚོགས་ཀྱི་མཚན་སྙན་ལ་གསུབ་ཐབས་བྲལ་བའི་སྦག་བཙོག་བཟོས་ཡོད་པ་མ་ཟད། རྒྱ་ནག་ནང་ཨོ་ཕིག་རྩེད་འགྲན་འཚོགས་ཐུབ་པ་བྱུང་བའི་སྐད་གྲགས་ལ་བརྟེན། རྒྱ་ནག་སྲིད་གཞུང་ལ་སྤོབས་པ་རྙེད་དེ་དུས་དེ་ནས་བཟུང་དབང་སྒྱུར་གྱི་གདུག་རྩུབ་ཇེ་ཆེར་སོང་བ་དངོས་སུ་མཐོང་རྒྱུ་ཡོད་པས། རྒྱལ་སྤྱིའི་ཨོ་ཕིག་རྩེད་འགྲན་ལྷན་ཚོགས་ཀྱིས་རང་ཉིད་ཀྱི་ཀུན་སྤྱོད་དབང་གྲགས་ལ་སླར་ཡང་ཉེན་ཁ་གཏན་ནས་ཐེབས་སུ་མི་འཇུག་རྒྱུ་སོགས་བཀོད་འདུག

འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༡ ཉིན་བོད་མི་དང་ཐའེ་ཝན། ཧོང་ཀོང་དང་ལྷོ་སོག ཡུ་གུར་བ་དང་རྒྱ་རིགས་དམངས་གཙོ་དོན་གཉེར་བ་བཅས་ཀྱིས། རྒྱ་ནག་དམར་པོའི་སྲིད་གཞུང་གི་གདུག་རྩུབ་ཅན་ཀྱི་སྲིད་བྱུས་ལ་གདོང་ལེན་གྱིས་འགོག་རྒོལ་ལས་འགུལ་ཞིག་སྤེལ་འཆར་ཡོད་པ་དང་། ལས་འགུལ་དེ་ཐོག་མར་རྒྱལ་སྤྱིའི་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་བཅས་ཀྱིས་གྲོས་མགོ་བཏོན་པ་བཞིན་བོད་མིས་གོ་སྒྲིག་བྱེད་ཀྱི་ཡོད་འདུག་པ་དང་། ཐེངས་འདིའི་ལས་འགུལ་ནི་གླིང་ཕྲན་ལྔའི་རྒྱལ་ཁབ་ ༥༠ ལྷག་གི་ནང་རྒྱལ་སྤྱིའི་ཚོགས་པ་ཁག་ ༡༦༠ ཙམ་གྱིས་དུས་གཅིག་ལ་སྤེལ་རྒྱུ་ཡིན་པས། བོད་མིས་གོ་སྒྲིག་བྱེད་པའི་གོ་ལ་རང་བཞིན་གྱི་ལས་འགུལ་ཆེ་གྲས་ཤིག་ཆགས་ཀྱི་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༩/༡༠

Leave a Reply