ཁྲེང་ལེ་ཡིས་རྒྱལ་ཁབ་བདེ་འཇགས་ལ་གནོད་པའི་ལས་ཀ་བྱས་འདུག་ཟེར།

རྒྱ་ནག་གཞུང་གིས་ཨོ་གླིང་གི་མི་སེར་ཡིན་པ་རྒྱ་ནག་གོ་ལའི་བརྙན་འཕྲིན་ཁང་གི་གསར་འགྱུར་སྙན་སྒྲོན་པ་འཛིན་བཟུང་དང་འབྲེལ་ཨོ་གླིང་གསར་འགོད་པ་གཉིས་ཕྱིར་ཕུད་སོགས་ཡུལ་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་འདུག

ཁ་སང་ཕྱི་ཚེས་ ༨ ཉིན། རྒྱ་ནག་གཞུང་གིས་ཉེ་སྔོན་དམར་ཤོག་ཚོགས་པའི་གཞུང་འབྲེལ་རྒྱ་ནག་གོ་ལའི་བརྙན་འཕྲིན་ཁང་(CGTN)གི་གསར་འགྱུར་སྙན་སྒྲོན་པ་དང་གསར་འགོད་པ། ། ཨོ་གླིང་གི་མི་སེར་ཡིན་པ་རྒྱ་རིགས་ཁྲེང་ལེ་(Cheng Lei)ཟེར་བ་འཛིན་བཟུང་བཀག་ཉར་བྱས་ཏེ་བདུན་ཕྲག་གསུམ་ལྷག་གི་རྗེས། ཁོ་མོས་རྒྱ་ནག་གི་བདེ་འཇགས་ལ་གནོད་པའི་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་སྐོར་བསྒྲགས་ཡོད་ཀྱང་། དབྱེ་ཞིབ་པ་མང་པོས་དེ་ནི་ཨོ་གླིང་དང་རྒྱ་ནག་གི་ཕྱི་འབྲེལ་གདོང་ཐུག་གི་ཁྲོད་ནས་བྱུང་བའི་ཆབ་སྲིད་ཀྱི་རོལ་རྩེད་ཅིག་ཏུ་ངོས་འཛིན་བྱེད་བཞིན་འདུག

གནད་དོན་དེའི་སྐོར་ལ། རྒྱ་ནག་གི་ཕྱི་སྲིད་མགྲིན་ཚབ་པ་ཀྲོ་ལི་ཅན་ (Zhao Lijian) ཟེར་བ་དེས་རྒྱུན་ལྡན་གསར་འགོད་གསལ་བསྒྲགས་ཤིག་དང་འབྲེལ། ཁྲེང་ལེ་ཡི་གནད་དོན་ཐད་སྐབས་བབས་ཀྱི་ཐག་གཅོད་བྱེད་མུས་ཡིན་སྐོར་དང་། དེ་བཞིན་རྒྱ་ནག་ཏུ་ཡོད་པའི་ཨོ་གླིང་གི་གསར་འགོད་པ་གཉིས་ལ་རྒྱ་ནག་གཞུང་གིས་འབྲེལ་འདྲི་རྩད་བྱས་ཡོད་པ་ལྟར། ཕྱི་སྲིད་མགྲིན་ཚབ་པས་གནད་དོན་དེ་ནི་ཁྲིམས་སྒྲིག་དང་མཐུན་པ་ཞིག་ཡིན་སྐོར་འགྲེལ་བརྗོད་བྱས་འདུག་པ་མ་ཟད། རྒྱ་ནག་ལ་ཡོད་དུས་རྒྱ་ནག་གི་ཁྲིམས་སྒྲིག་ཁག་ལ་བརྩི་སྲུང་བྱེད་དགོས་པ་དང་། ཕྱིའི་གསར་འགོད་པས་ཁྲིམས་སྒྲིག་ལ་བརྩི་སྲུང་གིས་གནས་ཚུལ་འགོད་སྤེལ་བྱས་ཚེ། སེམས་ཁྲལ་བྱ་དགོས་དོན་མེད་སྐོར་སོགས་བརྗོད་འདུག

ད་ལྟའི་ཆར་རྒྱ་ནག་གི་གཞུང་འབྲེལ་དབྱིན་ཡིག་གསར་ཁང་ཆེ་ཤོས་ནང་འདས་པའི་ལོ་ངོ་ ༨ རིང་གསར་འགོད་ལས་རིགས་གཉེར་མྱོང་བའི་ཁྲེང་ལེ་ཡིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་བྱ་འགུལ་ག་རེ་སྤེལ་ཡོད་མེད་གསལ་ཁ་མེད་ཀྱང་། ཕྱི་ཟླ་ ༨ པའི་ནང་ཁོ་མོ་གློ་བུར་དུ་རྒྱ་ནག་གི་གོ་ལའི་བརྙན་འཕྲིན་ཁང་ནང་མཐོང་རྒྱུ་མེད་པ་མ་ཟད། ཁོ་མོའི་ངོ་སྤྲོད་ཚན་པ་དང་སྔར་སྙན་སྒྲོན་ཞུས་པའི་གནས་ཚུལ་རེ་འགའ་བརྙན་འཕྲིན་ཁང་གི་དྲ་རྒྱ་ནས་ནག་གསུབ་བཏང་ཡོད་ཅིང་། ཁོ་མོའི་གྲོགས་པོ་དང་ཕ་མ་སྤུན་མཆེད་བར་འབྲེལ་བ་ཆད་དེ་གར་སོང་ཆ་མེད་དུ་གྱུར་ཡོད་ཀྱང་། རྒྱ་ནག་གཞུང་ངོས་ནས་ཁོ་མོ་ས་ཆ་གང་ཞིག་ཏུ་བཟང་བཙོན་དུ་བཅུག་ཡོད་སྐོར་གསལ་བཤད་ཡོད་འདུག

ཕྱི་ཟླ་ ༨ ཚེས་ ༡༤ ཉིན་རྒྱ་ནག་གཞུང་གིས་ཨོ་གླིང་གཞུང་ལ་ཁྲེང་ལེ་འཛིན་བཟུང་བཀག་ཉར་བྱས་ཡོད་སྐོར་བརྗོད་པ་བསྟུན། ཨོ་གླིང་གཞུང་གིས་ཟླ་མཇུག་ཙམ་ལ་ཁོ་མོ་དང་བརྙན་ལམ་བརྒྱུད་འབྲེལ་བ་བྱས་པ་མ་ཟད། ཁོ་མོའི་ནང་མི་ཚོར་སྲིད་གཞུང་ནས་རྒྱབ་སྐྱོར་རོགས་འདེགས་བྱ་རྒྱ་ཡིན་སྐོར་བསྒྲགས་ཡོད་པ་དང་། རྒྱ་ནག་གཞུང་གིས་ཁྲེང་ལེ་འཛིན་བཟུང་བྱས་པ་དང་བསྟུན། རྒྱ་ནག་ཏུ་ཡོད་པའི་ཨོ་གླིང་གི་ཨེ་བྷི་སི་ (Australian Broadcasting Corporation (ABC) གསར་ཁང་གི་བྷིལ་བྷིར་ཊལ་སི་ (Bill Birtles) དང་། ཨོ་གླིང་གི་དཔལ་འབྱོར་བསྐྱར་ཞིབ་གསར་ཁང་ (Australian Financial Review (AFR) གི་གསར་འགོད་པ་མེ་ཁལ་སི་མི་ཐི་ (Michael Smith) གཉིས་ལ་གང་མྱུར་ཨོ་གླིང་དུ་ཕྱིར་ལོག་བྱ་དགོས་པའི་ཉེན་བརྡ་བཏང་སྟེ། རྒྱ་ནག་གཞུང་གི་སུན་བཙེར་འོག་དཀའ་ངལ་ཆེན་པོས་ངང་ཕྱིར་ལོག་དགོས་བྱུང་ཡོད་འདུག

དེ་འབྲེལ་གནས་ཚུལ་ཐད་གསར་འགོད་པ་གཉིས་ནས་རྒྱ་ནག་གཞུང་གི་ལམ་སྟོན་བྱས་པ་ལྟར་ཐོན་རྩིས་བྱེད་སྐབས། རྒྱ་ནག་གི་ཉེན་རྟོག་པ་སྐོར་ཞིག་གསར་འགོད་པ་གཉིས་ཀྱི་སྡོད་ཤག་ཏུ་འབྱོར་ཏེ། ཁྲེང་ལེ་དང་འབྲེལ་བའི་སྐོར་འདྲི་རྩད་བྱས་པ་མ་ཟད། གསར་འགོད་པ་བྷིལ་བྷིར་ཊལ་སི་ལ་རྒྱལ་ཁབ་བདེ་འཇགས་ཀྱི་ཉེས་དོན་དང་འབྲེལ་བ་ཡོད་སྐོར་བརྗོད་དེ། རྒྱ་ནག་ནས་ཕྱིར་ཐོན་མི་ཆོག་པའི་བཙན་བཀའ་བཏང་བར་བརྟེན། འདས་པའི་ཉིན་གྲངས་བཞིའི་རིང་ཉེན་གཡོལ་གྱི་ཆེད་དུ་ཨོ་གླིང་གི་གཞུང་ཚབ་ཁང་དུ་བསྡད་ཡོད་པ་དང་། མཐར་ཕྱོགས་གཉིས་བར་གྲོས་མོལ་རིམ་པར་བྱས་རྗེས། རྒྱ་ནག་གི་ཉེན་རྟོག་པས་གསར་འགོད་པ་གཉིས་ལ་ཆུ་ཚོད་གཅིག་རེར་འདྲི་རྩད་བྱས་ཏེ། རྒྱ་ནག་གི་ཧྲང་ཧེ་(Shanghai) གནམ་ཐང་བརྒྱུད་ཁ་སང་ཨོ་གླིང་འབྱོར་ཐུབ་པ་བྱུང་སྐོར་བརྗོད་ཡོད་འདུག

ཁ་སང་རྒྱ་ནག་གཞུང་གིས་ཁྲེང་ལེ་འཛིན་བཟུང་བྱས་དགོན་དོན་གསལ་བཤད་བྱས་རྗེས། རྒྱ་ནག་གི་གཞུང་འབྲེལ་ཤིན་ཧ་གསར་ཁང་གིས། འདི་ལོའི་ཕྱི་ཟླ་ ༦ ཚེས་ ༢༦ ཉིན་ཨོ་གླིང་གི་གསང་བའི་ལས་ཁུངས་ཀྱི་མི་སྣས། ཨོ་གླིང་དུ་ཡོད་པའི་རྒྱ་ནག་གི་གསར་འགོད་པའི་སྒེར་གྱི་སྡོད་ཤག་ལ་སྔོག་བཤེར་བྱས་ཡོད་པ་མ་ཟད། ཆུ་ཚོད་མང་པོའི་རིང་འདྲི་རྩད་ཀྱིས་ཁོ་ཚོའི་གློག་ཀླད་དང་། ཁ་པར། མཐེར་སྡེར། གསར་འགོད་གནས་ཚུལ་རིགས་འཁུར་ཡོད་པ་མ་ཟད། གསར་འགོད་རྣམས་ལ་གནས་ཚུལ་དེའི་སྐོར་ཕྱི་ལ་སྒྲོག་མི་ཆོག་པའི་ཉེན་བརྡ་བཏང་ཡོད་སྐོར་གྱི་གནས་ཚུལ་སྤེལ་ཡོད་འདུག དེ་བཞིན་རྒྱ་ནག་གི་གཞུང་འབྲེལ་སི་ཨེན་ཨེས་(CNS) གསར་ཁང་གིས་ཀྱང་། ཨོ་གླིང་གཞུང་གིས་ཕྱིའི་ཐེ་བྱུས་འགོག་རྒོལ་གྱི་ཁྲིམས་ཡིག་འོག་རྒྱ་ནག་གིས་གསར་འགོད་པར་གཞིར་སྔོག་བཤེར་བྱས་ཡོད་སྐོར་གྱི་གནས་ཚུལ་བརྒྱུད་སྒྲོག་བྱས་ཡོད་འདུག

འདི་ལོར་རྒྱ་ནག་གཞུང་གིས་ཨ་རིར་རྒོལ་ལན་གྱི་ཚུལ་དུ། ཨ་རི་གཙོས་པའི་ནུབ་གླིང་གི་གསར་འགོད་པ་རྣམས་ལ་ཐོངས་མཆན་སྤྲོད་རྒྱུར་ཚོད་འཛིན་གྱིས་གནོན་ཤུགས་ཆེན་པོ་སྤྲོད་བཞིན་པའི་གནས་ཚུལ་ཐོན་བཞིན་པ་ལྟར། ཕྱི་ཚེས་ ༧ ཉིན་རྒྱ་ནག་གི་རྒྱལ་ཕྱིའི་གསར་འགོད་པའི་མཐུན་ཚོགས་ (The Foreign Correspondents’ Club of China) ཀྱིས། ད་ཐེངས་ཀྱི་གསར་འགོད་པ་གཉིས་ཕུད། འདི་ལོའི་ལོ་མགོ་ནས་རྒྱ་ནག་གིས་ཕྱིའི་གསར་འགོད་པ་ ༡༧ རྒྱ་ནག་ནས་ཕྱིར་འབུད་བཏང་ཡོད་སྐོར་བརྗོད་འདུག་ལ། གཞན་ཡང་འདས་ལོར་ཁེ་ན་ཌས་ཨ་རིའི་འབོད་སྐུལ་འོག་རྒྱ་ནག་གི་འཕྲུལ་རིག་བཟོ་ཚོང་ཁང་ཆེ་གྲས་ཧྭ་ཝེའི་ནོར་དོན་སྤྱི་ཁྱབ་མ་མིན་ཝན་ཀྲུའུ་(Meng Wanzhou) འཛིན་བཟུང་བྱས་པ་དང་བསྟུན། རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་རེ་སྐུལ་དང་གནོན་ཤུགས་ལ་འཛེམ་མེད་ཀྱིས། ཁེ་ན་ཌའི་ཕྱི་འབྲེལ་མི་སྣ་ཟུར་པ་མེ་ཁལ་ཀོབ་རིག་ (Michael Kovrig) དང་། ཚོང་བ་མེ་ཁལ་སི་པེ་ཝོར་ (Michael Spavor) གཉིས་ཀྱིས་གསང་མྱུལ་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཏེ། ད་དུང་གློད་གྲོལ་བཏང་མེད་པ་རེད།

ད་ལྟ་རྒྱ་ནག་ནང་ཨོ་གླིང་གི་གསར་འགོད་པ་གཅིག་ཀྱང་མེད་པ་དང་། ཨེ་བྷི་སི་གསར་ཁང་གི་གསར་འགྱུར་འགན་འཛིན་གྷེ་ཝན་མོ་རི་སི་ (Gaven Morris) ཡིས་ད་ཐེངས་ཀྱི་གནས་ཚུལ་དང་འབྲེལ། ཨོ་གླིང་གི་མང་ཚོགས་རྣམས་ལ་མཚོན་ན། རྒྱ་ནག་གི་གནས་ཚུལ་དང་། ཨོ་གླིང་དང་རྒྱ་ནག་གི་འབྲེལ་ལམ། ལྷག་ཏུ་རྒྱ་ནག་གིས་ཨོ་གླིང་དང་འཛམ་གླིང་ནང་བྱ་འགུལ་གང་དག་སྤེལ་གྱིན་ཡོད་མེད་གྱི་གནས་ཚུལ་དེ་རྟོག་རྒྱུ་གལ་ཆེན་པོ་ཆགས་ཡོད་ལ། ང་ཚོས་མུ་མཐུད་ནས་རྒྱ་ནག་ནང་ང་ཚོའི་གསར་འགོད་པ་ཡོད་ན་འདོད་ཀྱི་ཡོད། ཅེས་བརྗོད་འདུག་ཀྱང་། དབྱེ་ཞིབ་པས་རྒྱ་ནག་དང་ཨོ་གླིང་བར་གྱི་ཕྱི་འབྲེལ་གདོང་ཐུག་ཐོག རྒྱ་ནག་གཞུང་གིས་ནུབ་གླིང་གི་གསར་འགོད་པའི་སྟེང་བཀག་འགོག་སྲིད་བྱུས་གཞི་རྒྱ་ཆེ་བ་སྤེལ་བཞིན་པར་བལྟས་ན། ཨོ་གླིང་གི་གསར་འགོད་པ་རྣམས་རྒྱ་ནག་ཏུ་བསྐྱར་ལོག་ཡོང་རྒྱུ་ཁག་པོ་ཡིན་སྐོར་རྗོད་ཀྱིན་འདུག

རྒྱ་ནག་དེ་ཨོ་གླིང་གི་ཚོང་འབྲེལ་རྒྱལ་ཁབ་ཆེ་ཤོས་དེ་ཡིན་ཞིང་། ཕྱོགས་གཉིས་ཀྱི་ཚོང་འབྲེལ་དེ་གཅིག་ལ་གཅིག་རྟེན་གྱི་ཚུལ་དུ་ཡོད་ནའང་། འདས་པའི་ལོ་ཤས་རིང་ནས་ཕྱོགས་གཉིས་ཀྱི་ཕྱི་སྲིད་འབྲེལ་ལམ་ལ་འགལ་ཟླ་བྱུང་མགོ་བརྩམས་ཡོད་པ་དང་། དེ་ཡང་ཕྱི་ལོ་ ༢༠༡༨ ལོར་ཨོ་གླིང་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཀྱི་ལས་དོན་དང་འབྲེལ།  རྒྱ་ནག་གི་ཧྭ་ཝེ་འཕྲུལ་རིག་བཟོ་ཚོང་ཁང་ལ་ཨོ་གླིང་གི་ཤུགས་ཚད་ ༥ ཅན་གྱི་དྲ་ལམ་ལས་གཞིའི་ནང་ཞུགས་རྒྱུར་བཀག་བསྡོམ་བྱས་ཡོད་ཅིང་། ལོ་དེ་རང་ལ་ཕྱིའི་ཐེ་བྱུས་ལ་འགོག་རྒོལ་(Foreign Interference Law) གྱི་ཁྲིམས་ཡིག་ཅིག་གཏན་འབེབ་བྱས་ཡོད་པ་དེ། རྒྱ་ནག་ལ་དམིགས་པ་ཞིག་ཡིན་པ་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱས་ཡོད་པ་རེད། ཡང་འདི་ལོའི་ལོ་མགོར་ཨོ་གླིང་གཞུང་གིས་མངོན་གསལ་དོད་པོས་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་ཀྱི་འབྱུང་ཁུངས་ལ་རྩད་གཅོད་དགོས་པའི་བསམ་ཚུལ་ཤུགས་ཆེར་བཏོན་པ་དེས་ཕྱོགས་གཉིས་ཀྱི་འབྲེལ་ལམ་སྔར་བས་ཛ་དྲག་ཏུ་གྱུར་ཏེ། རྒྱ་ནག་གིས་དེར་རྒོལ་ལན་གྱི་ཚུལ་དུ། ཨོ་གླིང་ནས་ནང་འདྲེན་བྱས་པའི་གླང་ཤ་དང་། རྒུན་ཆང་། གྲོ་ཞིབ་བཅས་ལ་སྒོ་ཁྲལ་བསྣན་པ་མ་ཟད། རྒྱ་ནག་གི་མི་མང་དང་སློབ་ཕྲུག་ཚོ་ཨོ་གླིང་དུ་བསྐྱོད་ན་དབྱེ་འབྱེད་བྱེད་ཀྱི་ཡོད་པའི་ཉེན་བརྡ་བཏང་བ། གཞན་ཡང་ཨོ་གླིང་གི་མི་སེར་ཡིན་པའི་རྒྱ་རིགས་རྩོམ་པ་པོ་དང་སློབ་དཔོན་ཆེན་མོ་ཡཱང་ཧིན་ཅིན་ (Yang Hengjun) གྱིས་གསང་མྱུལ་གྱི་ནག་ཉེས་བསགས་ཡོད་སྐོར་བརྗོད་དེ། ཁྲིམས་བཤེར་མེད་པར་འདས་ལོའི་ཕྱི་ཟླ་ ༡ པོ་ནས་བཙོན་འཇུག་བཀག་ཉར་བྱེད་མུས་ཡིན་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༩/༡༠

Leave a Reply