ས་སྐྱའི་ཕུར་སྒྲུབ་ཆེན་མོ།

ས་བླ།

བོད་གངས་ཅན་གྱི་ལྗོངས་སུ་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཁག་ལ་ཐུན་མོང་མ་ཡིན་པའི་ཕྱག་སྲོལ་མང་པོ་ཞིག་བྱུང་ནས་ད་བར་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་གནང་བཞིན་ཡོད། དཔལ་ལྡན་ས་སྐྱ་པའི་ཕུར་སྒྲུབ་ཆེན་པོ་ཡང་དེའི་གྲས་ནས་གཅིག་ཡིན། སྤྱིར་བཏང་ཡི་དམ་ཡང་ཕུར་གཉིས་ཞེས་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་ཡང་དག་ཧེ་རུ་ཀ་ཞེས་གསུང་སྲོལ་ཡོད་པ་ལྟར། ཕུར་སྒྲུབ་ཆེན་མོ་ནི་ཡི་དམ་དཔལ་ཆེན་རྡོ་རྗེ་གཞོན་ནུར་བརྟེན་ནས་ཚོགས་པའི་སྒྲུབ་པ་ཞིག་གི་མཚན་ཡིན། ཡི་དམ་རྡོ་རྗེ་གཞོན་ནུ་ནི་མཁན་སློབ་ཆོས་གསུམ་ཞལ་འཛོམས་པ་ནས་འཁོན་རྒྱུད་རིམ་པའི་ཡབ་མེས་ཀྱི་ཆོས་ལུགས་དང་ཐུགས་དམ་གྱི་སྙིང་པོ་ཆགས་ཡོད།

གསང་སྔགས་གསར་མའི་འགྲོ་དོན་དུས་ལ་གཟིགས་ནས་འཁོན་སྟོན་དཀོན་མཆོག་རྒྱལ་པོས་དཔལ་ལྡན་ས་སྐྱ་པ་དབུ་བརྙེས་ནས་ཕྱི་ལོ་བརྒྱ་ཕྲག་བཅུ་དྲུག་ཡས་མས་བར་ཕུར་སྒྲུབ་ཆེན་མོ་དབྱངས་རོལ་གར་འཆམ་སོགས་ཀྱི་ཕྱག་ལེན་ཇི་ཙམ་རྒྱས་པོ་ཡོད་མེད་མ་ངེས་ཀྱང་། བསྟན་པའི་མེ་རོ་རྨང་ནས་གསོ་བའི་སྐྱེ་བུ་ཆེན་པོ་ས་སྐྱའི་ཁྲི་རབས་ཉེར་གསུམ་པ་སྔགས་འཆང་ཆེན་པོ་ངག་དབང་ཀུན་དགའ་རིན་ཆེན་ཉིད་ཀྱིས་གདན་ས་འོག་མ་རྩེ་གདོང་སྲིད་གསུམ་རྣམ་རྒྱལ་གླིང་དང་གཞི་ཐོག་བླ་བྲང་། དབེན་གནས་བྱས་འགྱུར་རྡོ་རྗེའི་བྲག་རྫོང་། དཔལ་ཆེན་ཕོ་བྲང་སོགས་ལ་ཐུགས་དམ་ཉམས་བཞེས་རྒྱ་ཆེར་མཛད་དེ་ཞལ་གཟིགས་ལུང་བསྟན་གྱི་གཟིགས་སྣང་ཡང་ཡང་བྱུང། ཁོང་གི་བླ་མ་ས་ལོ་ཙྰ་བ་འཇམ་པའི་རྡོ་རྗེ་ཀུན་དགའ་བསོད་ནམས་ཀྱི་དགོངས་གཞི་དང་ཐུགས་དགོངས་རྫོགས་ཕྱིར་བཅོམ་ལྡན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ཆེན་པོའི་སྒྲུབ་མཆོད་དབྱངས་རོལ་དང་། ས་ཆོག་གི་གར་འཆམས་སོགས་དང་འབྲེལ་བའི་ཕྱག་ལེན་ཤིན་ཏུ་རྒྱས་ཤིང་དག་པའི་སྒོ་ནས། ལོ་ལྟར་ས་ལོ་ཆེན་པོ་དགོངས་རྫོགས་ཉིན་དབུ་འཛུགས་ཀྱི་ཕུར་སྒྲུབ་ཆེན་མོ་ཤིན་ཏུ་དར་རྒྱས་སུ་མཛད་དེ་ས་ལུགས་ཀྱི་དགོན་པ་ཆེ་ཕྲ་མང་པོའི་ནང་ཕུར་སྒྲུབ་ཆེན་མོ་སྒྲུབ་པ་བརྩམས།

འོན་ཀྱང་སྐབས་ཞིག་ནས་ལྷ་སའི་རྫོང་པ་དང་སྐྱེད་འཕྲང་པ་སོགས་ལ་མི་ཁོག་བདུད་ཞུགས་ཀྱིས་སྤྲུལ་པའི་སྐྱེས་མཆོག་སྔགས་འཆང་ཆེན་པོར་སྐུ་ཕྱྭ་བསྡོ་བའི་སྦྱོར་བ་སྣ་ཚོགས་བརྩམས་རྐྱེན་གདན་སར་ཆོས་ཕྱོགས་ཀྱི་ཕྱག་སྲོལ་མང་པོ་ཞིག་རྒྱུན་མཐུད་ཐུབ་མིན་གྱི་གནས་སྟངས་ཀྱང་བྱུང་འདུག སླར་ཡང་སྤྱི་མཐུན་བསོད་ནམས་དང་ལས་སྨོན་རྟེན་འབྲེལ་བཟང་པོའི་མཐུར་བརྟེན་ནས་སྔགས་འཆང་ཆེན་པོ་གང་ཉིད་ཐུགས་སྟོབས་ཀྱི་གོ་ཆ་བརྟན་པོ་བཞེས་ནས། སྔར་ཡོད་ཆོས་ཕྱོགས་ཀྱི་གནང་སྒོ་ཇི་ཡོད་བསྐྱར་གསོ་གནང་ནས་ཡང་བསྐྱར་བསྟན་པའི་སྒོ་མོ་ཕྱེ་སྟེ་ཕུར་སྒྲུབ་ཆེན་མོ་འདི་ཉིད་ཀྱང་། སྔར་བཞིན་རང་གི་བླ་མ་ས་ལོ་ཐམས་ཅད་མཁྱེན་པའི་འདས་མཆོད་དང་ཕྱིས་སུ་སྔགས་འཆང་ཉིད་ཀྱི་དགོངས་རྫོགས་དང་བསྟུན་ནས་བོད་ཟླ་བདུན་པའི་ནང་ཚུགས་སྲོལ་མཛད་དེ་ཕྱི་ལོ་༡༩༥༨ བར་ལོ་ལྟར་ཆགས་མེད་རྒྱུན་ཚོགས་མཛད་ཡོད།

ཕྱི་ལོ་༡༩༥༩ ལོར་དམར་པོ་རླུང་འཚུབ་ཀྱིས་སྔགས་འཆང་ཆེན་པོ་ཉིད་ཀྱི་རྣམ་སྤྲུལ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་ཡིད་བཞིན་ནོར་བུ་མཆོག་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་བདག་རྐྱེན་དང་། ཆོས་རྗེ་གོང་མ་རིམ་བྱོན་གྱི་དམ་ཚིག་དང་གདུལ་བྱ་སྤྱི་མཐུན་བསོད་ནམས་སོགས་ལ་བརྟེན་ནས། བཙན་བྱོལ་དུ་འབྱོར་བའི་ལོ་དེ་རང་དུ་རྒྱས་བསྡུས་ལ་མ་ལྟོས་པ་རྡོར་གླིང་དུ་ཕུར་སྒྲུབ་ཆེན་མོ་ཚུགས་ཏེ་ད་བར་མི་ཉམས་རྒྱུན་མཐུད་ཐུབ་པ་བྱུང་ཡོད། དུས་འགྱུར་གྱི་རྐྱེན་པས་བོད་ཀྱི་ཐུན་མོང་མ་ཡིན་པའི་རྩ་ཆེའི་ཆོས་རིག་གཞུང་མང་པོ་ཞིག་ཉམས་ཆགས་ཕྱིན་ཡོད་ནའང་། ༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེའི་ཐུགས་བསྐྱེད་ཁོ་ནར་བརྟེན་ནས་ལོ་རྒྱུས་རང་བཞིན་ལྡན་པའི་ས་སྐྱའི་ཕུར་སྒྲུབ་ཆེན་མོ་དུས་ད་ལྟའི་བར་བྱིན་རླབས་ཀྱི་རྒྱུད་པ་མ་ཉམས་ཞིང་དམ་ཚིག་གི་སེར་ཀ་མ་ཤོར་བའི་ཆོས་རྗེ་གོང་མ་རིམ་བྱོན་གྱི་ཤུལ་བཞག་རྩ་ཆེན་འདི་རྒྱུན་མཐུད་ཐུབ་པ་བྱུང་བ་ནི་ང་ཚོས་ནམ་ཡང་བཀའ་དྲིན་གསབ་ཐབས་མེད།

ས་སྐྱའི་གདན་སར་མདོ་སྔགས་ཀྱི་གསན་བསམ་གནང་ཡུལ་བསྟི་གནས་ཆོས་སྡེ་ལྷོ་བྱང་གཉིས་ཞེས་གྲགས་པ་ལྟར་ཆོས་སྡེ་བྱང་གི་དགེ་འདུན་པ་ཡོངས་ཀྱིས་སྔགས་ཕྱོགས་ཀྱི་སློབ་གཉེར་རིམ་པ་གནང་སྟེ་ལོ་ལྟར་བོད་ཟླ་བདུན་པའི་ནང་ཕུར་སྒྲུབ་ཀྱི་ཆོ་ག་ཡོངས་རྫོགས་བློ་ཐོག་ནས་འདོན་རྟ་དབྱངས་རོལ་དང་བཅས་པ་རྒྱུགས་སྤྲོད་ཞིབ་ཕྲ་ཕུལ་དགོས། དེ་ནས་རིམ་གྱིས་ཡི་དམ་ཁག་གི་བསྙེན་མཚམས་དང་རྒྱུད་སྡེ་ཁག་ལ་གསན་བསམ་ཚུལ་བཞིན་མཛད་རྗེས་དཔོན་སློབ་ཀྱི་མཚན་སྙན་བཞེས་པ་སོགས་ཀྱི་ཕྱག་སྲོལ་ཡོད།

ད་ལན་ནད་ཡམས་ཀྱི་རྐྱེན་པས་ར་པུར་ནས་ཕུར་སྒྲུབ་ཆེན་མོ་ཚོགས་བཞིན་པ་དྲྭ་ལམ་བརྒྱུད་ཐད་གཏོང་མཇལ་ཞོར་རབ་འབྱམས་པ་ཀུན་དགའ་ཚེ་བརྟན་རྗེས་དྲན་དང་བཅས་བྲིས་སོ།།

བསྐྱར་བཅོས།: ༢༠༢༠/༠༩/༡༠

Leave a Reply