སྟོབས་ཆེན་རྒྱལ་ཁབ་ཁག་གི་མགོ་འཁྲིད་ཚོས་འགྲོ་བ་མིའི་རིགས་གཅིག་གི་འདུ་ཤེས་འཛིན་རྒྱུ་གལ་ཆེ།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ང་ཚོས་སྙིང་སྟོབས་དང་ཆོད་སེམས་བརྟན་པོའི་ངང་ནས་མུ་མཐུད་ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ངལ་ལ་གདོང་གཏད་དགོས་པ་དང་གོ་ལའི་ཚ་དྲོད་འཕེལ་བཞིན་པ་ལྟར་དངོས་ཡོད་གནས་སྟངས་ང་ཚོས་ཁས་ལེན་དགོས་སྐོར་བཀའ་སློབ་སྩལ། ཁ་སང་ཨ་རིར་རྟེན་གཞི་བྱས་པའི་རོ་ལིང་སི་ཊོན་དུས་དེབ་ (Rolling Stone Magazine) ཀྱིས། བརྙན་ལམ་བརྒྱུད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འདི་ལོར་འགྲེམ་སྤེལ་གནང་བའི་ཁོང་གི་མཆོད་དབྱངས་ཀྱི་ཆེད་སྒྲིག་སྒྲ་ཐག་ནང་སེམས་ཀྱི་འཇིག་རྟེན་ (Inner World) ཞེས་པ་དེ་དང་། ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ངལ་ལ་གདོང་ལེན་བྱེད་ཐབས། དེ་བཞིན་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གི་བཅས་ཀྱི་སྐོར་གསུང་གླེང་གནང་བ་ཞིག་དུས་དེབ་དེའི་དྲ་རྒྱར་སྤེལ་ཡོད་ཅིང་། བཅར་འདྲིའི་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། འཛམ་གླིང་གི་མགོ་འཁྲིད་ཚོས་རང་གི་རྒྱལ་ཁབ་ཙམ་མ་ཡིན་པར་འཛམ་གླིང་ཡོངས་ལ་བསམས་ཏེ། འགྲོ་བ་མིའི་རིགས་གཅིག་ཡིན་པའི་འདུ་ཤེས་སྐྱེ་རྒྱུ་གལ་ཆེན་ཡིན་པ་དང་། ༧གོང་ས་མཆོག་གི་སྒྲིག་འཛུགས་དེ་མུ་མཐུད་གནས་མ་གནས་དེ་གཙོ་བོ་བོད་མི་དང་། ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མི་མང་། སོག་པོའི་མི་མང་བཅས་ལ་ཐག་གཅོད་བྱ་རྒྱུའི་ཐོབ་ཐང་ཡོད་སྐོར་གསུངས་འདུག

དེ་ཡང་བཅར་འདྲིའི་ཐོག་མར་རོ་ལིང་སི་ཊོན་དུས་དེབ་ཀྱི་རྩིམ་འབྲི་བ་རྒན་པ་ཨེ་ལེག་སི་མོ་རི་སི་(Alez Morris) ཡིས། ནེའུ་ཛི་ལན་ཌིའི་སྐྱེས་མ་རྗོ་ནེ་ལའེ་ཁའོ་ནཱན(Junelle Kunin) གྱིས། འདི་ལོའི་སྐུའི་འཁྲུངས་སྐར་ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཆོད་དབྱངས་རོལ་མོར་སྦྱར་བའི་ཆེད་སྒྲིག་སྒྲ་ཐག་ཅིག་འགྲེམ་སྤེལ་ཞུས་ཡོད་པ་དེར། ད་བར་ཉན་མཁན་ས་ཡ་ ༤ དང་ཕྱེད་ཀ་ལྷག་ཟིན་ཡོད་སྐོར་དང་། དེ་སྔ་༧གོང་ས་མཆོག་ནས་གླུ་དབྱངས་ཀྱིས་མིར་ཕན་ཐོགས་ཆེན་པོ་ཡོད་སྟབས། ༧མགོན་པོ་གང་ཉིད་ཀྱི་སྔགས་རྣམས་སྒྲ་ཐག་བཟོ་རྒྱུའི་འདོད་པ་ཡོད་སྐོར་གསུངས་ཡོད་པ་ལྟར། གླུ་དབྱངས་ཀྱིས་མིར་ཇི་ལྟར་ཕན་ཐོགས་བྱེད་ཀྱི་ཡོད་སྐོར་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས། ཆོས་ལུགས་ཀྱི་ཆོ་གའི་ནང་དུའང་རོལ་ཆ་དང་དབྱངས་ཡོད་པ་རེད། དེ་དག་ཀྱང་གླུ་དབྱངས་ཀྱི་ཆ་ཤས་ཤིག་རེད། སྒྲས་མི་ཙམ་དུ་མ་ཟད་སྲོག་ཆགས་གཞན་གྱི་ཀླད་པ་ལའང་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་རེད། སྲོག་ཆགས་ཆུང་ཆུང་དེ་ཚོ་ངས་ཤེས་ཀྱི་མེད། འོན་ཀྱང་ཁྱི་དང་བྱེའུ་ལྟ་བུར་དབྱངས་སྙན་མོ་ཐོས་དུས་བདེ་སྐྱིད་བྱུང་བ་དང་། གློ་བུར་དུ་ལྡིར་སྒྲ་ལྟ་བུ་སྒྲོག་དུས་འདྲོག་འགྲོ་བ་ཡོང་གི་ཡོད། ཅེས་དང་། ༧གོང་ས་མཆོག་ནས་དུས་རྒྱུན་སྤྲོ་སྣང་གི་ཆེད་དུ་ག་རེ་གནང་གི་ཡོད་མེད་དྲིས་པའི་བཀའ་ལན་དུ། ངས་གཙོ་བོ་དཔྱད་སྒོམ་བྱེད་ཀྱི་ཡོད། དེས་ངོ་མ་ནང་སེམས་ཀྱི་ཞི་བདེ་ཡོང་གི་འདུག ནང་སེམས་ཀྱི་མྱོང་བ་ཟབ་མོ་དེའི་རྐྱེན་པས། ཕྱིའི་སྣང་ཚུལ་ཡོད་ཚད་བཟང་ཕྱོགས་སུ་སྣང་གི་འདུག ཅེས་གསུངས་སོང་།

གལ་ཏེ་མགོན་པོ་མཆོག་ལ་ཨ་རིའི་ལས་ཐོག་སྲིད་འཛིན་ཊོམ་ཕུ་མཆོག་ལ་ཐུག་འཕྲད་གནང་རྒྱུའི་གོ་སྐབས་བྱུང་ཚེ། ག་རེ་གསུང་འདུན་ཡོད་མེད་བཀའ་འདྲི་ཞུས་པར།  ངས་འཛམ་གླིང་གི་མགོ་འཁྲིད་ཚང་མ་དང་། ལྷག་པར་དུ་ཨ་རི་དང་། ཨུ་རུ་སུ། རྒྱ་ནག རྒྱ་གར་ལྟ་བུའི་སྟོབས་ཆེན་རྒྱལ་ཁབ་དག་གི་མགོ་འཁྲིད་ཚོས་རང་གི་རྒྱལ་ཁབ་ཙམ་མ་ཡིན་པར། འཛམ་གླིང་ཡོངས་ལ་བསམ་བློ་བཏང་སྟེ་མི་དུང་ཕྱུར་ ༧ དེ་འགྲོ་བ་མིའི་རིགས་གཅིག་གི་འདུ་ཤེས་སྐྱེ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ད་ལྟ་ཨ་རིའི་འོས་བསྡུ་བསླེབ་ལ་ཉེ་བས། ངས་སྲིད་འཛིན་ཊོམ་ཕུ་ལ་དམིགས་བསལ་ཞུ་རྒྱུ་གང་ཡང་མེད། གཙོ་བོ་དེ་ཨ་རིའི་མི་མང་རང་གིས་ཐག་གཅོད་བྱ་རྒྱུ་རེད། ཅེས་དང་། ཡང་གསར་འགོད་པས་སྲིད་འཛིན་ཊོམ་ཕུའི་ཨ་རི་དང་པོ་ཞེས་པའི་ལྟ་ཕྱོགས་སྐོར་ནས་བསྐྱར་འདྲི་ཞུས་སྐབས།  ཊོམ་ཕུ་སྲིད་འཛིན་དུ་གྱུར་རྗེས་ཁོང་རང་གིས་ཨ་རི་དང་པོ་ཞེས་པ་དེ་བརྗོད་ཡོད་པ་རེད། དེར་ང་ལ་ལྟ་ཚུལ་ཡོད། ཨ་རི་ནི་རང་དབང་ཅན་གྱི་འཛམ་གླིང་གི་སྣེ་འཁྲིད་རྒྱལ་ཁབ་ཅིག་ཡིན་ལ། ཨ་རིར་ལོ་རྒྱུས་དང་བཟང་སྤྱོད་ཀྱི་སྟེང་ནས་རང་དབང་གི་འཛམ་གླིང་འདིར་དོ་འཁུར་བྱ་རྒྱུའི་འགན་ཡོད་བསམ་གྱི་འདུག ཅེས་གསུངས་སོང་།

ཡང་མགོན་པོ་མཆོག་གིས་ཏོག་དབྱིབས་གཉན་རིམས་ཁྲོད་མི་མང་པོར་ཞེད་སྣང་དང་། དངངས་སྐྲག འགྱོད་གདུང་བཅས་བྱུང་གི་ཡོད་ཅིང་། ཕྱོགས་གཞན་ནས་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་མི་མང་པོས་གདོང་ལེན་དང་འཐབ་རྩོད་བྱེད་ཀྱིན་ཡོད་པའི་ཐད་ལ། ད་ལྟའི་གནས་སྟངས་དེ་ཧ་ཅང་ཛ་དྲག་པོ་རེད་ལ། ཚན་རིག་པ་མང་པོས་བརྟག་དཔྱད་ཞིབ་འཇུག་བརྒྱུད་ནས་སྨན་བཟོ་ཐབས་བྱེད་ཀྱི་ཡོད་པ་རེད། ངས་བསམ་ཚུལ་ལ་ནད་ཡམས་ལ་ཞེད་སྣང་བྱས་ནས་བསྡད་པ་ཙམ་གྱིས་འགྲིག་གི་མ་རེད། ང་ཚོས་དེར་གདོང་གཏད་ནས་ཕར་རྒོལ་བྱེད་དགོས། ཚན་རིག་པ་དང་སྨན་པ་ཚོས་བྱ་བ་དངོས་ནང་ཞུགས་བཞིན་ཡོད་པ་དེར་ངས་བསྔགས་བརྗོད་ཞུ་ཡི་ཡོད། ད་ལྟ་ང་ཚོས་སྙིང་སྟོབས་དང་ཆོད་སེམས་བརྟན་པོའི་ངང་ནས་མུ་མཐུད་གདོང་ལེན་བྱེད་དགོས་ལ། གོ་ལའི་ཚ་དྲོད་འཕེལ་བཞིན་པའི་རང་བཞིན་ལྟར་ང་ཚོས་དངོས་ཡོད་གནས་སྟངས་ཁས་ལེན་དགོས། ཞེས་དང་། དུས་རབས་བརྒྱད་པའི་ནང་རྒྱ་གར་གྱི་མཁས་པ་རྒྱལ་སྲས་ཞི་བ་ལྷ་ཡིས། གལ་ཏེ་བཅོས་སུ་ཡོད་ན་ནི། །དེ་ལ་མི་དགར་ཅི་ཞིག་ཡོད། །གལ་ཏེ་བཅོས་སུ་མེད་ན་ནི། །དེ་ལ་མི་དགའ་བྱས་ཅི་ཕན། །ཞེས་གསུངས་ཡོད་པ་རེད། ཅེས་གསུངས་སོང་། ཡང་ཁོང་གིས་སྲོལ་རྒྱུན་དེ་དག་ལ་བརྟེན་ནས། བོད་མི་རྣམས་གནས་སྟངས་སྡུག་པོར་གྱུར་མིན་ལ་མ་ལྟོས་པར། སྤྱི་ཡོངས་ནས་བོད་མི་རྣམས་བག་ལྷོད་པོ་དང་། ཞི་བ། བྱམས་བརྩེ་ལྡན་པ་ཡོད་སྐོར་གསུངས་སོང་།

གཞན་ཡང་ཨེ་ལེག་སི་མོ་རི་སི་ཡིས་༧གོང་ས་མཆོག་སྐུ་ན་ཕྲ་དུས་སློབ་མ་ཇི་ལྟ་བུ་ཞིག་ཡིན་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། ང་སློབ་མ་ཡིན་སྐབས་གང་འཚམ་ལེ་ལོ་ཡོད། ངའི་ཡོངས་འཛིན་གྱིས་མཚམས་རེར་རྟ་ལྕག་བསྟན་ནས་ང་ལ་ཞེད་སྣང་བསྐུལ་གྱི་རེད། ངའི་ཕ་ཡུལ་ལ་ཕེབས་མྱོང་བའི་ཡོངས་འཛིན་གཞོན་པ་ཞིག་ཡོད། ངས་ཁོང་ཆུང་དུས་ནས་ངོ་ཤེས་ཀྱི་ཡོད། ཁོང་གིས་ཕྱིས་སུ་ངའི་ཡོངས་འཛིན་གསར་པ་ཞིག་ཕེབས་པ་དེར། ང་ཅུང་འཚུབ་པོ་ཡོད་པས། ངའི་མདུན་ལ་ཅུང་སྒམ་པོ་བྱེད་དགོས་ལ། དེ་མིན་ངས་བརྙས་བཅོས་གཏོང་སྲིད་སྐོར་གསུངས་འདུག ངས་དེ་ལྟར་སློབ་སྦྱོང་བྱས་པ་རེད། འོན་ཀྱང་ངའི་ཀླད་པ་དེ་གང་འཚམ་སྤྱང་གྲུང་ལྡན་པ་ཞིག་རེད། མཁས་པ་སྤྱིར་བཏང་བ་ཞིག་ལ་དཀའ་ལས་ཡོད་པའི་སློབ་ཚན་ཞིག་ང་ལ་ལས་སླ་བོ་མཐོང་གི་ཡོད། དེར་བརྟེན་ངའི་སྐྱེ་བ་སྔོན་མ་དེར་སློབ་ཚན་དེ་དག་ལ་རྒྱུས་མངའ་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད། དེ་ལྟར་ངས་ལེ་ལོ་དང་བཅས་ལོ་བཅོ་ལྔའི་རིང་སློབ་སྦྱོང་བྱས་པ་རེད། འོན་ཀྱང་རྒྱུགས་སྤྲོད་མཐའ་མ་སླེབས་ལ་ཉེ་བའི་ལོ་གཉིས་གོང་ནས་ངས་དོ་སྣང་ཤུགས་ཆེན་པོ་བྱས་ཡིན། ཞེས་གསུངས་སོང་།

མཐའ་མཇུག་དེར་མགོན་པོ་མཆོག་ནས་ཁོང་ཉིད་ཀྱི་ཡང་སྲིད་དང་དགའ་ལྡན་ཕོ་བྲང་སྒྲིག་འཛུགས་ཀྱི་མ་འོངས་པའི་སྐོར་ནས་གསུངས་དོན། ངས་དོ་འཁུར་བྱེད་ས་གཙོ་བོ་ནི་ད་ལྟའི་སྐྱེ་བ་འདི་ཕན་ནུས་ཆེ་བ་ཡོང་རྒྱུ་དེ་རེད། ༧གོང་ས་མཆོག་རྗེས་མ་དེ་ངའི་དོན་དག་ཅིག་མ་རེད། དེར་བརྟེན་མ་འོངས་པར་༧གོང་ས་ཏཱ་ལའི་བླ་མའི་སྒྲིག་འཛུགས་ (Dalai Lama’s Institute) དེ་མུ་མཐུད་གནས་དགོས་མིན་དེ། གཙོ་བོ་བོད་མི་དང་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མི་མང་། དེ་བཞིན་ལོ་རྒྱུས་ཐོག་༧གོང་ས་མཆོག་དང་འབྲེལ་བ་ཤུགས་ཆེན་པོ་ཡོད་པའི་སོག་པོའི་མི་མང་བཅས་ལ་ཐག་གཅོད་བྱ་རྒྱུའི་ཐོབ་ཐང་ཡོད་པ་རེད། ཅེས་བཀའ་སློབ་སྩལ་གནང་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༩/༡༡

Leave a Reply