སྲིད་བྱུས་ཉམས་ཞིབ་ཁང་གིས་ཏོག་དབྱིབས་སྐོར་གྱི་དཔེ་དེབ་བཏོན།

ཏོག་དབྱིབས་གཉན་རིམས་ཀྱི་གནོད་སྐྱོན་ཁྲོད་ནས་འཛམ་གླིང་རྒྱལ་ཁབ་མང་པོས་བོད་ཀྱི་བདེན་པ་མཐོང་གི་ཡོད་པས་ང་ཚོས་དུས་ཚོད་དང་གོ་སྐབས་དམ་འཛིན་གྱིས་རྒྱལ་སྤྱིའི་སྟེང་བོད་དོན་ཐོག་ལས་འགུལ་ཤུགས་ཆེ་ཙམ་སྤེལ་ཐུབ་ན་བསམ་སྟེ་དཔེ་དེབ་འདི་དཔར་སྐྲུན་བྱས་པ་ཡིན་ཞེས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་དཔེ་དེབ་ཅིག་དབུ་འབྱེད་གནང་འདུགདེ་རིང་སྔ་དྲོར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཚོགས་ཁང་དུ། རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་ནས་བྱུང་བའི་ཏོག་དབྱིབས་གཉན་རིམས་དང་བོད་དང་རྒྱ་ནག དེ་བཞིན་རྒྱལ་སྤྱིར་ཁྱབ་པའི་ཤུགས་རྐྱེན་སོགས་ཀྱི་སྐོར་ལ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས། ཕྱོགས་བསྡུས་བྱས་པའི་དཔྱད་རྩོམ་དཔེ་དེབ་ཅིག་དབུ་འབྱེད་གནང་ཡོད་པ་དང་། དབུ་འབྱེད་མཛད་སྒོའི་སྟེང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་བྱེད་རྣམ་པ་དང་གསར་འགོད་པ་བཅས་འཛོམས་ཡོད་པ་རེད།

དཔེ་དེབ་དབུ་འབྱེད་ཀྱི་དགོས་དམིགས་དང་དེབ་ཀྱི་ནང་དོན་གཙོ་བོ་གང་ཡིན་སྐོར་ལ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས། དཔེ་དེབ་ཀྱི་དགོས་དམིགས་དང་ནང་དོན་གཙོ་བོ་ནི། རྒྱ་ནག་ནས་ཏོག་དབྱིབས་གཉན་རིམས་བྱུང་བ་ནས་བཟུང་རྒྱལ་སྤྱིའི་སྟེང་དཀའ་ངལ་མང་པོ་ཞིག་བྱུང་བ་དང་ལྷན་དུ། རྒྱལ་སྤྱིའི་སྟེང་རྒྱ་ནག་ལ་ལྟ་སྟངས་ངན་པར་གྱུར་ཡོད། དེར་བརྟེན། ང་ཚོ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚོས་སོ་སོའི་ཞིབ་འཇུག་གི་ཁྱབ་ཁོངས་དང་བསྟུན། ཟླ་བ་གཉིས་གསུམ་ཙམ་གྱི་རིང་ཞིབ་འཇུག་གི་རྩོམ་ཡིག་གང་མང་ཞིག་བྲིས་ཡོད་པ་རྣམས་ཕྱོགས་བསྒྲིགས་བྱས་ཡོད། དེའི་དགོས་པ་རྒྱུ་མཚན་ནི་ཏོག་དབྱིབས་གཉན་རིམས་ཐོག་ནས་རྒྱ་ནག་གི་མགོ་འཁྲིད་ལ་འགྱུར་བ་ག་རེ་ཕྱིན་ཡོད་པ་དང་རྒྱ་ནག་ལ་ཕྱིའི་རྒྱལ་ཁབ་དང་རྒྱལ་སྤྱིའི་ཐོག་ནས་ལྟ་སྟངས་ག་རེ་འགྱུར་ཡོད་མེད། དེ་བཞིན། རྒྱ་ནག་གིས་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་བྱུང་བ་དང་རྒྱུས་ལོན་བྱུང་ཡོད་དང་མེད། ད་ལྟའི་ཆར་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་ག་རེ་ཆགས་ཡོད་པ་སོགས་ཡིན། ཞེས་བརྗོད་སོང་།

ཁོང་གིས་མུ་མཐུད། མདོར་དོན་བསྡོམས་ཤིག་བརྒྱབ་པ་ཡིན་ན། རྒྱལ་སྤྱིའི་སྟེང་རྒྱ་ནག་ལ་ལྟ་སྟངས་ཡག་པོ་ཞིག་ཡོད་པ་མ་རེད། གང་ཡིན་ཟེར་ན། ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་བྱུང་བ་དང་རྒྱ་ནག་གིས་སྨྲ་བརྗོད་རང་དབང་བཀག་སྡོམ་དང་། འཛམ་གླིང་རྒྱལ་ཁབ་མང་པོའི་ནང་སྨན་བཅོས་ཀྱི་ཡོ་ཆས་སོགས་བེད་མེད་དང་རྫུན་མ་བཏང་བ་མ་ཟད། རྒྱ་གར་གྱི་ས་མཚམས་རྩོད་རྙོག་དང་། རྒྱ་ནག་ལྷོ་རྒྱུད་ཀྱི་མཚོ་དང་ཉི་ཧོང་། ཨོ་གླིང་གི་མཚོའི་ནང་དམག་བཏང་སྟེ་དམག་ཇུས་བཤམས་པ་དང་། དེ་བཞིན། ཧོང་ཀོང་དང་ཐའེ་ཝན་ལ་སྡིགས་ར་བསྐུལ་བ་སོགས་ཀྱི་གནས་སྟངས་ལ་བལྟས་ཡོང་དུས་རྒྱལ་སྤྱིའི་སྟེང་རྒྱ་ནག་ལ་ལྟ་སྟངས་ཡག་པོ་ཡོད་པ་མ་རེད། དེའི་སྟེང་མི་མང་པོ་ཞིག་གིས་བོད་མི་ཚོས་བཤད་བཞིན་པ་དག་དངོས་ཡོད་གནས་ཚུལ་ཡིན་པ་མཁྱེན་རྟོགས་བྱུང་སྟེ། བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཤུགས་ཆེན་པོ་ཆགས་ཡོང་དུས། ང་ཚོས་དུས་ཚོད་དང་གོ་སྐབས་དམ་འཛིན་གྱིས་རྒྱལ་སྤྱིའི་སྟེང་བོད་དོན་ཐོག་ལས་འགུལ་ཤུགས་ཆེ་ཙམ་སྤེལ་ཐུབ་ན་བསམ་སྟེ་དཔེ་དེབ་འདི་དཔར་སྐྲུན་བྱས་པ་ཡིན། ཞེས་བརྗོད་བྱུང་།

ཐེངས་འདིའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་བཏོན་པའི་ ༼ཁྱིམ་སྡོད་བཀའ་རྒྱའི་སྐབས་ཀྱི་བསམ་གཞིགས། ཏོག་དབྱིབས་ནད་ཡམས་ཀྱི་དུས་སྐབས་སུ་བོད་ཀྱི་གནས་སྟངས་ལ་བསམ་གཞིགས།༽ཞེས་པའི་དཔེ་དེབ་དེའི་ནང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ ༡༠ ལྷག་གིས། འདི་ལོའི་ཕྱི་ཟླ་ ༢ ནས་མགོ་འཛུགས་ཀྱིས་ཕྱི་ཟླ་ ༦ བར་ཟླ་ ༤ ཙམ་རིང་བོད་དང་རྒྱ་ནག དེ་བཞིན། རྒྱལ་སྤྱིའི་སྟེང་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་འགྱུར་ལྡོག་ཁག་ལ་ཉམས་ཞིབ་ཀྱིས་ཁྱོན་དཔྱད་རྩོམ་ཁག་ ༡༥ བཀོད་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༩/༡༡

Leave a Reply

One thought on “སྲིད་བྱུས་ཉམས་ཞིབ་ཁང་གིས་ཏོག་དབྱིབས་སྐོར་གྱི་དཔེ་དེབ་བཏོན།

  1. གཞུང་པ་ཚེ་དབང་བསོད་ནམས

    དེབ་དེ་ཨིན་ཡིག་མ་རྟོགས་བོད་ཡིག་ཐོག་མེད་པ་ཡིན་ནམ་དེབ་དེ་ག་ནས་རག་གི་རེད་ཉོ་སའི་ཁ་སྦྱང་དང་འབྲེལ་བ་སུ་ལ་ཞུ་དགོས་པ་རེད?