བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་མ་འོངས་པའི་སྲིད་སྐྱོང་དུ་འོས་སམ།

སྨན་རམས་པ་བར་ཕུ་ཕུན་ཚོགས་བསྟན་དར།

དྲིས་ལན་ནི་གཤམ་གསལ་དོན་ཚན་ཁག་ནས་ཤེས་ཐུབ།

དང་པོ། བོད་ཕྲུག་ཚོའི་ཤེས་ཡོན་ལ་ཐུགས་སྣང་ཆེ་བ།

༄།།མི་ལོ་ཉེར་གསུམ་གྱི་ཡར་སྔོན་རང་ལོ་བཅུ་དྲུག་སྐབས་ང་རང་བོད་ནས་རྒྱ་གར་ནང་༸སྐྱབས་མགོན་ཐམས་ཅད་མཁྱེན་པའི་ཞལ་མཇལ་བཀའ་གསུང་ཞུ་རྒྱུ་དང་། ཕྱོགས་གཞན་ནས་རྩ་ཆེན་གྱི་སློབ་གྲྭ་འགྲིམས་ནས་གཞན་ཕན་སྨན་པའམ་དགེ་རྒན་གྱི་ལས་སྣེ་གཉིས་ལས་གང་རུང་ཞིག་བྱ་རྒྱུར་སྐོམ་པ་ཆུ་འདོད་ལྟར་ཆོད་སེམས་དང་རེ་སྒུག་ཆེན་པོས་བཙན་བྱོལ་དུ་འབྱོར། ཐོག་མར་༸ སྐྱབས་མགོན་རིན་པོ་ཆེ་ཕོ་བྲང་དུ་མཇལ་དུས་ན་ཚོད་མ་གཅིག་པའི་བོད་མི་སུམ་བརྒྱ་སྐོར་ཞིག་འདུག ཕལ་ཆེར་གྱི་མིག་ཆུ་དང་ངུ་ངག་གི་ཤུར་སྒྲས་རང་ལུས་ཆ་ཚང་སྦྲིད་པ་ལྟར་ཆགས་ནས་ཕ་མ་གཉིས་པོ་མཉམ་དུ་ཡོད་ན་ཅི་འདྲའི་དགའ་བ་ལ་སྙམ་བྱུང་། ཁོང་གི་སྐུ་དྲུང་དུ་བཙུན་པ་དང་། ལས་བྱེད་པ། སྐུ་སྲུང་བ་སོགས་བོད་མི་ཁམས་གཙང་མཐོང་སྣང་དོད་པོ་མང་པོ་འདུག དེ་དག་གི་ཁྲོད་ནས་སྐུ་གཟུགས་ཅུང་ཆུང་ལ། དབུ་སྐྲ་ཐུང་བ། སྤྱན་ཟུར་གཡོན་གྱི་ནང་ཟུར་དུ་སྨེ་བ་ནག་པོ་ཡོད་པའི་སྐྱེས་པ་དར་ཡོལ་ཞིག་གིས་ང་ཚོར་ལན་མང་གཟིགས་ནས་ཞལ་འཛུམ་ཡང་ཡང་གནང་བ་མཐོང་། ཁོང་གི་གཡོ་ཟོལ་མེད་པའི་འཛུམ་མདངས་དང་ཞལ་ངོ་མཇལ་དུས་ཕ་མ་དྲན་བཞིན། “ཁྱེད་ནི་ཅི་འདྲའི་བསོད་ནམས་ཆེ་བ་ལ་ཨང་།” ཞེས་རང་གིས་རང་ལ་ལྐོག་ལབ་ཀྱང་ཐལ། ཕྱིས་སུ་ཁོང་ནི་འབྲོང་ཆུང་དངོས་གྲུབ་ལགས་ཡིན་པ་ཤེས་རྟོགས་བྱུང་།

༸རྒྱལ་བའི་ཕོ་བྲང་ནས་ལོག་རྗེས་ང་ཚོ་ན་ཆུང་བཞི་བཅུ་ཙམ་སུ་ཇ་སློབ་གྲྭར་མ་བསྐྱོད་གོང་ཁོང་༸རྒྱལ་བའི་ཕོ་བྲང་ནས་ལས་ཁུངས་སུ་ཕྱིར་ཕེབས་ཞོར་དུ་ང་ཚོར་ཁྱུག་ཙམ་ཞལ་གཟིགས་ཏེ་འཛུམ་མདངས་དང་བཅས་“ ད་རེས་ཀྱི་ཕྲུ་གུ་འདི་ཚོ་སློབ་གྲྭར་བསྐྱོད་ན་བསམ་པ་ཤ་སྟག་འདུག” ཅེས་དང་། ལོ་ན་ཅུང་ཆེ་ལ་གཟུགས་པོ་རིང་བའི་ཕོ་གཞོན་ཞིག་ལ་དམིགས་སུ་གཟིགས་ཏེ།” ཁྱེད་རང་ལོ་དང་སྐུ་གཟུགས་ཅུང་ཟད་ཆེ་བས་དམིགས་བསལ་སློབ་སྦྱོང་ལ་འབད་བརྩོན་གནང་དགོས།”ཞེས་གསུངས། ཁྱད་མཚར་བ་ཞིག་ལ་ཕོ་གཞོན་དེ་ཡུན་རིང་མ་སོང་བར་སློབ་གྲྭ་ནས་ཐོན་སོང་། དེ་དུས་ནས་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ཀྱིས་བོད་ནས་གསར་དུ་འབྱོར་བར་དམིགས་བསལ་ཐུགས་བརྩེའི་གཟིགས་པ་ཆེ་ལ། ན་གཞོན་གྱི་ཤེས་ཡོན་སློབ་སྦྱོང་ལ་ཐུགས་ཁུར་ཆེན་པོ་གནང་གི་ཡོད་ཚོད་འདུག

༢༽ སྤྱོད་གཙང་རང་གཤིས་བཟང་བའི་མིག་དཔེར་འོས་པ།

ལོ་བདུན་རྗེས་ཕྲན་བཞུགས་སྒར་རྡ་སར་སྨན་རྩིས་མཐོ་སློབ་འགྲིམས་སྐབས་ཚེ་རབས་ཀུན་གྱི་༸སྐྱབས་མགོན་༸རྒྱལ་དབང་རིན་པོ་ཆེའི་སྐུ་གམ་དང་ཕེབས་རྗེས་སུ་ཁོང་ཡང་ཡང་མཇལ་བྱུང་། ཞལ་འཛུམ་དང་། ཞི་འཇམ་སྔར་བཞིན་ཡིན་པ་མ་ཟད། ཐ་ན་དབུ་སྐྲའི་བཟོ་ལྟ་ཡང་དེ་རང་རེད་འདུག གངས་ཅན་སྐྱིད་གཤོངས་སུ་མི་ཕར་འགྲོ་ཚུར་འོང་གི་རྒན་རབས་དང་། ལས་བྱེད། སློབ་ཕྲུག་སོགས་ཀྱིས་ཁོང་ལ་གུས་བཀུར་ངང་འཚམས་འདྲི་གནང་བ་ལྟར། ཁོང་གིས་ཀྱང་མཐོ་ཉམས་དང་། བཅོས་ལྷད་རྩ་བ་ནས་མེད་པར་ཚང་མར་མི་གཅིག་པ་དང་། སྤུན་ཟླའི་འདུ་ཤེས་ཀྱིས་མཛའ་སེམས་ཁོལ་པོས་དབུ་སྒུར་སྒུར་ངང་ཕྱག་གཏོང་བ་ལན་མང་མཐོང་། དེས་ང་རང་གཞུང་ཞབས་པར་སྔར་བས་གུས་བཀུར་སྐྱེ་བའི་རྒྱུ་རྐྱེན་དུ་འགྱུར། དེ་མཚུངས་བོད་པའི་སྤྱི་ཚོགས་ལ་ཐུགས་སྣང་ཆེ་བའི་བོད་ཕྱི་ནང་གི་རྩོམ་པ་པོ་དང་། མཐོ་རིམ་མི་སྣ། ལས་བྱེད། ཕྱག་རོགས་ལས་བྱེད་སོགས་མི་མང་པོར་འདྲ་མཚུངས་ཀྱི་གཟིགས་སྣང་འདུག་པ་མ་ཟད། ཕྱིས་སུ་བཀའ་བློན་ནས་བཟང་སྤྱོད་ཀྱིས་དགོངས་ཞུ་གནང་སྐབས། མ་ཧ་པཎྚི་ཏ་སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་གཟེངས་བསྟོད་མཛད་པ་དང་། བདེ་སྲུང་ལས་བྱེད་ཀྱིས་བཀའ་དྲིན་རྗེས་དྲན་གནང་བ། མདོ་སྨད་གསེར་གྱི་གཟེངས་རྟགས་འབུལ་བཞེས་བགྱིས་པ་སོགས་ཀྱིས། ཁོང་ནི་བོད་ཀྱི་ཆོས་དང་། རིག་གཞུང་། ཁོར་ཡུག གོམས་གཤིས་བཅས་ལས་རྟག་བརྟན་ཞུམ་མེད་ཀྱི་བཟང་སྤྱོད་རྣལ་མ་འཁྲུངས་པའི་མིག་དཔེ་ཡག་ཤོས་ཤིག་ཡིན་པ་དངོས་སུ་ར་སྤྲོད་བྱུང་།

༣༽ མཁྱེན་ཡོན་དང་ཉམས་མྱོང་གྱིས་ཕྱུག་པ།

བཀའ་ཟུར་མཆོག་ནི་གཞི་རྩའི་མི་ཞིག་གིས་བརྒྱུད་དགོས་པའི་སློབ་གྲྭའི་ཤེས་ཡོན་ནས་ཆེས་ལས་སྲིད་དོན་ཚན་རིག་རབ་འབྱམས་བར་བསླབ་པ་མཐར་སོན་ཅིང་། བོད་དབྱིན་ཧིན་གསུམ་གྱི་སྐད་ཡིག་མཁྱེན་པ། སྤྱི་ལོ་༡༩༧༧ ལོར་བཙན་བྱོལ་སྒྲིག་འཛུགས་སུ་ཡིག་རྒྱུགས་ལམ་ནས་གཞུང་ཞབས་པར་ཞུགས་ནས་བཟུང་། བོད་མི་རྣམས་དཀའ་ངལ་ཆེ་བའི་སྐབས་སུ་བདེ་སྲུང་ལས་བྱེད་སོགས་ཐེག་པ་རིམ་འཛེགས་ཀྱིས་ལས་བྱེད་དང། དྲུང་ཆེའི་ལས་རོགས་དང་། དྲུང་ཆེའི་ལས་ཚབ། དྲུང་གཞོན། དྲུང་ཆེ། བདེ་སྲུང་ལྷན་ཁང་གི་༸རྒྱལ་བའི་སྐུ་ཕྱྭ་དང་གསང་དོན་ལས་དོན་གྱི་དྲུང་ཡིག་ཆེན་མོ། བདེ་སྲུང་བཀའ་བློན། སྐུ་ཚབ་དོན་གཅོད་མཛད་པ་སོགས་མི་ལོ་བཞི་བཅུ་ཞེ་བཞིའི་རིང་དཀའ་རྙོག་དང་། གླེང་གཞི། ནོར་འཁྲུལ་རྩ་བ་ནས་མེད་པར་གཙོ་ཆེན། ༸རྒྱལ་བའི་སྐུ་ཕྱྭ་སྲུང་སྐྱོབ་ཚགས་ཚུད་ཚད་མཐོ་དང་། བོད་ཕྱི་ནང་གི་འབྲེལ་ཟམ་རྒྱུན་མཐུད། བོད་མིའི་དཀའ་རྙོག་དག་སེལ། ཆབ་སྲིད་བཙོན་པའི་བདེ་སྡུག་གཟིགས་རྟོགས། ཕྱི་བསྐྱོད་བོད་མིའི་མཐོང་མཆན་ངལ་སེལ་འགན་ཁུར་བ་སོགས། མདོར་ན་༸གོང་ས་མཆོག་ཆིབས་བསྒྱུར་མཛད་འཕྲིན་ཆེ་སྐབས་༸རྒྱལ་བའི་སྐུ་ཕྱྭ་སྲུང་སྐྱོབ་ལ་འཐུས་ཤོར་ཏིལ་འབྲུ་ཙམ་ཡང་མེད་པའི་ཐུགས་ཁུར་ཆེ་བཞེས་ཐོག་བོད་དང་། བོད་མིའི་དཀའ་སེལ་ཆེད་དུས་ཡུན་འདིར། སྐུ་ངོ་སྡེ་དཔོན་སྟག་ལྷ་ཕུན་ཚོགས་བཀྲིས་མཆོག་དང་། དྲུང་ཆེ་བྱམས་པ་སྐལ་ལྡན། དབང་རྡོར་ལགས། མངའ་རིས་རིན་པོ་ཆེ། སློབ་དཔོན་ཆེན་པོ་ཟམ་གདོང་རིན་པོ་ཆེ། རྒྱ་གར་གྱི་མཐོ་རིམ་མི་སྣ་སོགས་གྲངས་ལས་འདས་པའི་ལས་བྱེད་དུ་མ་དང་ལྷན་དུ་ཕྱག་ལས་གནང་བའི་ལྷད་མེད་ལྷག་བསམ་དང་ཉམས་མྱོང་ཚད་ལྡན། ཁོང་ཉིད་ཀྱང་ལས་དོན་ཀུན་ལ་མཁྱེན་རྩལ་ཡངས་པ། ཐབས་བྱུས་མཁས་པ། ཞིབ་ཚགས་པ། ཉམས་ཞིབ་ཆེས་ལས་ཀྱི་ཁྱད་ཆོས་ཡོད་པ། ལས་བྱེད་ནང་ཁུལ་མཐུན་ལམ་ཆེ་བ། མི་རིགས་དང་རྒྱལ་ཁབ་དུ་མར་མཛའ་བཅུགས་འབྲེལ་ཟམ་རྒྱུན་མཐུད་ནུས་ལྡན་གྱི་ཁྱད་ཆོས་ཡོད་པ་ཞིག་ཏུ་མངོན།

༤༽ བོད་ཕྱི་ནང་གཉིས་ནས་གུས་བཀུར་དང་གདེང་འཇོག་ཆེ་བ།

བོད་ཕྱི་ནང་གི་འབྲེལ་བ་ཆད་པ་ལྟ་བུའི་དུས་ཚོད་གཉན་འཕྲང་ཆེ་སྐབས་རང་སྲོག་བློས་བཏང་གིས་བོད་དུ་ཕེབས་ཏེ་བོད་མིའི་བདེ་སྡུག་ལ་ཞིབ་འཇུག་དང་། ཆབ་སྲིད་ཚོགས་སྡེ་ཁག་ལ་གསང་ཐབས་ཀྱིས་འབྲེལ་བ་གནང་ནས་༸སྐྱབས་མགོན་རིན་པོ་ཆེའི་ཐུགས་དགོངས་དང་། འཕྲོད་བཞེས། མཛད་བྱུས། བཙན་བྱོལ་བོད་མིའི་གནས་སྟངས་སོགས་ཕྱི་གསལ་ནང་གསལ་གསུངས་པ་དང་། མཁྱེན་སྤྱོད་གཉིས་ཀས་གཞིས་ལུས་རྒྱ་ཆེའི་མི་མང་གི་སེམས་ཀྱི་མུན་པ་སེལ་པའི་ཟླ་འོད་ཕོ་ཉ་ལྟ་བུ་གནང་། སྐབས་དེར་ང་རང་བྱིས་པ་མ་འབྱར་ཞིག་ཡིན་གྱི་རེད། འོན་ཀྱང་ཁོང་ནི་བོད་མི་རིགས་ཀྱི་བདེ་སྡུག་ཆེད་གཅེས་པའི་ལུས་སྲོག་བློས་བཏང་བའི་དཔའ་རྒོད་གསོན་པོ་ཞིག་ཡིན་པ་ད་གཟོད་གཞི་ནས་རྟོགས། ལྷག་པར་གཞི་ལུས་རྒྱ་ཆེའི་མི་མང་དང་། ཆབ་སྲིད་བཙོན་པ། ཕྱག་རོགས་ལས་བྱེད། ཤེས་ལྡན་མི་སྣ། བསམ་ཡོད་བོད་མི་དུ་མས་ཁོང་གི་མཛད་བྱུས་དང་། མཁྱེན་ཡོན། གཞུང་དྲང་། ཡ་རབས། འཇོན་ཐང་སོགས་ལ་ཡིད་ཆེས་དང་། སྤོབས་པ། གུས་བཀུར་ཆེན་པོས་སྔར་ནས་བསྔགས་བརྗོད་ཡང་ཡང་གནང་བ་དང་། དུས་འདིར་བོད་རིགས་ཕོ་མོ་རྒན་གཞོན་དུ་མས་ཁོང་སྲིད་སྐྱོང་གནང་རྒྱུར། བཅོས་མིན་གྱི་ཐུགས་རེ་དང་། རྒྱབ་སྐྱོར་གནང་མཁན་དབྱར་མཚོ་བཞིན་རྒྱས་པ་འདིས་ཁོང་ལ་གུས་བཀུར་དང་གདེང་འཇོག་ཆེ་བ་སྨོས་ཅི་དགོས། གུས་པ་ཡང་ཅུང་ཟད་བློ་བདེ་བར་འགྱུར།

༥༽ རྒྱལ་བའི་དགོངས་གཞི་མཁྱེན་ཅིང་བཀའ་བཞིན་འགྲུབ་ནུས་པ།

གང་ལྟར་བརྒྱ་བཤད་སྟོང་བཤད་གང་བྱས་ཀྱང་ད་ལྟའི་བོད་དང་བོད་མིའི་སྲོག་རྩ་ནི་༸སྐྱབས་མགོན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བཞི་པ་མཆོག་དང་། ཁོང་གི་བཀའ་དགོངས་ཇི་བཞིན་འགྲུབ་རྒྱུ་ཁོ་ན་ལས་ལྷག་པ་མེད་གཤིས།༸མགོན་པོ་མཆོག་གི་སྐུ་དྲུང་དུ། བདེ་སྲུང་བཀའ་ཟུར་མཆོག་ལོ་ནས་ལོ་བསྟུད་དེ་བཞུགས་ཤིང་། མཇལ་འཕྲད་གནང་མཁན་མི་སྣ་གྲངས་ལས་འདས་པ་དངོས་སུ་གཟིགས་ཡོད། དེ་ཡི་འབྲས་བུ་ནི། ཐུགས་རྒྱ་ཆེ་བས་རང་གི་ནང་མི་ལའང་ཐུགས་ཁུར་གནང་ཁོམ་མེད་པར་སྤྱི་སེམས་འབའ་ཞིག་གིས་སྤྱི་དང་། གཞུང་ཨང་ཀི་དང་པོར་རྩིས་ནས་མི་ལོ་ཞེ་བཞིའི་རིང་༸རྒྱལ་བའི་ཐུགས་བརྩེའི་བཀའ་གསུང་ལས་མ་འགལ་ཞིང་། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་མཛད་བཞིན་པ་འདིས། ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་དེ་སྲིད་དུ་བོད་ཀྱི་མི་རིགས་ཆེད་འཐབ་རྩོད་གནང་རྒྱུའི་ཆོད་སེམས་རི་བཙུགས་པ་བཞིན་ནམ་ཡང་འགྱུར་བ་མེད་པའི་དམ་བཅའ་བརྟན་པར་ངེས་སོ།།

༦༽ དགེ་རྒན་བཟང་པོའི་དགེ་ཕྲུག་དང་ཕ་མ་བཟང་པོའི་བུ་ཕྲུག

༸སྐྱབས་མགོན་ཕྱག་ན་པདྨོའི་ཐུགས་སྲས་གཙོ་བོ་རྟག་ཏུ་ངུ་ཡི་ཚུལ་དུ་བཞུགས་པ། བཅུ་ཕྲག་རིག་པའི་བདག་པོ། ངེས་དོན་མཁས་དབང་ཟམ་གདོང་རིན་པོ་ཆེ་ནི། བཙན་པོ་སྲོང་བཙན་སྒམ་པོའི་དུས་སུ་བློན་ཆེན་མགར་སྟོང་བཙན་དང་། རྒྱལ་མཆོག་སྐུ་ཕྲེང་ལྔ་པ་ཆེན་པོའི་སྐུ་དུས་ཀྱི་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ལྟ་བུ་ཁོང་གྱི་ཞལ་སློབ་དང་། གང་ཉིད་བཀའ་བློན་ཁྲི་པ་མཛད་བཞིན་པའི་སྐུ་གམ་དུ་དྲུང་ཆེ་དང་། བཀའ་བློན་ཡང་གནང་མྱོང་བས། བཀའ་ཟུར་མཆོག་སློབ་དཔོན་བཟང་པོའི་ཕུལ་བྱུང་དགེ་ཕྲུག་ཡིན་པས་གཞན་དང་མ་འདྲ་བའི་ཁྱད་ཆོས་ཡོད་ལ། ང་རྒྱལ་དང་ཕྱོགས་ལྷུང་མེད་པར་བོད་མིའི་སྒྲིག་འཛུགས་སྲ་བརྟན་དང་། ཆིག་སྒྲིལ་གྱི་གོང་བུ་སྔར་ལྷག་གིས་དབུ་ཁྲིད་མཛད་ཐུབ་པར་ཐེ་ཚོམ་མེད། ད་དུང་མི་ལོ་ཞེ་བཞིའི་རིང་རྒྱ་གར་རང་དུ་བཞུགས་ནས་ཁོང་གིས་གཞུང་ལ་སྲི་ཞུ་རྣམ་དག་མུ་མཐུད་གནང་བ་ནི། ནང་མིའི་ཚད་མཐོའི་རྒྱབ་སྐྱོར་དང་སེམས་ཤུགས་ཀྱི་ཆ་ཤས་ཤིག་ཀྱང་ལོས་ཡོད། དེ་ཕྱིར་ཕ་མ་བཟང་པོའི་བུ་ཕྲུག་ཅིག་རེད་ཅེས་བརྗོད་ཆོག དེ་ནི་ང་ཚོ་ཚང་མ་ཕ་མ་དང་། བླ་མ། དགེ་རྒན་ལ་མ་བརྟེན་པ་གཅིག་ཀྱང་མེད་པས་དེ་བས་གསལ་བ་ཤེས་ཐུབ།

མཐའ་སྡོམ།

  • ༸རྒྱལ་བའི་བཀའ་དགོངས་ཚུལ་བཞིན་འགྲུབ་ནུས་པ་དང་གཅིག
  • སྐུ་ན་ཕྲ་དུས་ནས་བཟང་སྤྱོད་ཀྱི་རང་གཤིས་བརྟན་པ་དང་གཉིས།
  • བསླབ་པ་མཐར་སོན་པ་ནས་ད་བར་ཐེག་པ་རིམ་འཛེགས་ཀྱིས་གཞུང་ཞབས་ཉམས་མྱོང་ཧ་ཅང་ཆེ་བ་དང་གསུམ།
  • གཞུང་ཞབས་གནང་རིང་༸རྒྱལ་བའི་བཀའ་བཞིན་བསྒྲུབས་ནས་ཕྱོགས་ཞེན་ཉེ་རིང་གི་སྐྱོན་ཆ་ཕྲ་མོ་ཙམ་ཡང་མེད་པ་དང་བཞི།
  • དོན་གནད་ཀུན་ལ་བརྟག་དཔྱད་ནན་ཏན་དང་ཞིབ་འཇུག་མཐར་ཕྱིན་གྱིས་ཐག་གཅོད་མཁས་པ་དང་ལྔ་།
  • དུས་རྟག་ཏུ་བོད་ཀྱི་ཆོས་དང་རིག་གཞུང་དང་མཐུན་པར་ཀུན་སྤྱོད་གཙང་ལ་ཆོག་ཤེས་པ་དང་དྲུག
  • གཞིས་བྱེས་བོད་མིས་གདེང་འཇོག་རེ་འདུན་གཞན་ལས་ལྷག་པ་དང་བདུན།
  • བོད་མིའི་རྩ་དོན་ཆེད་བློས་བཏང་དང་གཏོང་ནུས་པ་དང་བརྒྱད།
  • ཁྱད་དུ་འཕགས་པའི་མཁྱེན་དཔྱོད་ཉམས་མྱོང་ཕུན་སུམ་ཚོགས་པ་དང་དགུ།
  • གདོང་ལེན་གནང་དགོས་སར་རང་འདོད་དང་འཇིགས་ཞུམ་སྤུ་ཙམ་མེད་པ་དང་བཅུ་སྟེ། བཟང་པོའི་ཡོན་ཏན་བཅུ་དང་ལྡན་པ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་བོད་མི་རིགས་དང་རྒྱལ་ཁབ་ཆེད་སྲིད་སྐྱོང་གནང་རྒྱུར་རེ་འདུན་དང་རྒྱབ་སྐྱོར་ཞུ་བཞིན་ཡོད།།

མཆན། གོང་གསལ་བསམ་ཚུལ་རྩོམ་ཡིག་དེ་ནི་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་བ་ལངས་ཕྱོགས་ཡིན་པས་མ་ཁྱབ།

བསྐྱར་བཅོས།: ༢༠༢༠/༠༩/༡༣

Leave a Reply

3 thoughts on “བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་མ་འོངས་པའི་སྲིད་སྐྱོང་དུ་འོས་སམ།

  1. བཀའ་ཟུར་འབྲོང་ཆུང་དངོས་སགྲུབ་ལགས་༢༠༢༡་ལོ་སྲིད་སྐྱོང་ཁྲིད་ལ་སླེ་སོང་ན!
    རྒྱ་ནག་གི་གྲོགས་པོ་ཡག་ཤུས་ཅིག་བཙན་འབྱར་སྤྱི་ཚོགས་ནང་གི་སྲིད་སྐྱོང་!

  2. ཁྱེད་ཀྱི་དགོངས་ཚུལ་རྣམས་ཧ་ལས་པ་རེད་འདུག་བཀའ་དྲིན་ཆེ་༢༡ སྲིད་སྐྱོང་བཀར་ཟུར་འབྲོང་ཆུང་དངོས་འགྲུབ་མཆོག་ཕེབས་ཐུབ་ན་ང་ཚོའི་སྒྲིག་འཛུགས་དེ་ཡར་ངོའི་ཟླ་བ་ལྟར་འཕེལ་རྒྱུ་བརྟེན་ཁེལ་རེད་འདུག་དེ་མིན་བདག་གི་ཞུ་ཚོད་མ་ཐིམས།