བྱ་སྐད་ལྕགས་ལམ་གྱི་ཟམ་པ་ཚང་མ་མཐུད་ཚར་ཡོད་སྐོར་བསྒྲཊ།

རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ནས་རྒྱ་གར་གྱི་ཧི་མ་ཅཱལ་མཐའ་མཚམས་བར་བཟོ་བཞིན་ཡོད་པའི་བྱ་སྐད་ལྕགས་ལམ་ཞེས་པའི་རིང་ཚད་ཧྲིལ་པོར་སྤྱི་ལེ་ ༢༨༡༥༥ ཡོད་པའི་ཟམ་པ་ཚང་མ་མཐུད་ཚར་ཡོད་སྐོར་བཤད།ཁ་སང་ཕྱི་ཚེས་ ༡༣ ཉིན། རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༤ ལོར་ལོ་ལྔའི་འཆར་གཞི་བཅུ་གཉིས་པ་ཟེར་བའི་ཁྲོད། ལྷ་ས་ནས་ཀོང་པོ་ཉིང་ཁྲི་བར་གྱི་བྱ་སྐད་ལྕགས་ལམ་ཟེར་བ་དེ་ཕྱི་ལོ་ ༢༠༢༢ ནང་ཚུད་དུ་འཛུགས་སྐྲུན་ཚར་ཐབས་བྱེད་བཞིན་ཡོད་ལ།  བཟོ་སྐྲུན་ལས་གཞིའི་ཁྲོད་ལམ་ཐིག་ཧྲིལ་པོའི་ཟམ་པ ༢༣༦༤ ཚང་མ་ལེགས་འགྲུབ་བྱུང་ཡོད་ལུགས་དང་། ལས་གཞི་དེར་ཨ་སྒོར་ཐེར་འབུམ་དྲུག་གི་འགྲོ་གྲོན་གཏོང་གི་ཡོད་པར་བཤད།

དེ་འབྲེལ་གནས་ཚུལ་ནང་། བྱ་སྐད་མེ་འཁོར་ལྕགས་ལམ་དེ་ལམ་ཐིག་གཉིས་སྒྲིག་གིས་བཟོ་བཞིན་ཡོད་པ་དང་། ལྕགས་ལམ་ཧྲིལ་བོའི་རིང་ཚད་སྤྱི་ལེ་ ༤༠༣༡༤ དང་ལྕགས་ལམ་གྱི་ཟམ་པ་སྤྱིའི་བསྡོམས་གྲངས་རིང་ཚད་སྤྱི་ལེ་ ༢༨༡༥༥ བཅས། ལྕགས་ལམ་དེ་རི་ཁུལ་དང་ཡར་ཀླུང་གཙང་བོ་སོགས་ས་ཁུལ་རྩུབ་ས་མང་པོར་བརྒྱུད་ཡོད་སྟབས། ཟམ་པ་ཁོ་ནས་ལྕགས་ལམ་ཧྲིལ་བོའི་རིང་ཚད་བརྒྱ་ཆ་ ༢༠ ཟིན་ཡོད་པ་དང་། ད་ལྟའི་ཆར་ལྕགས་ལམ་བཟོ་སྐྲུན་གྱི་ལས་གཞི་ཚགས་ཚུད་འགྲོ་བཞིན་ཡོད་སྐོར་བཤད།

གནས་ཚུལ་དེའི་སྐོར་ལ་རྒྱ་ནག་ལྕགས་ལམ་ཁང་གི་ཆེད་ལས་ཟུས་འགོད་པ་ལུའོ་ཝུའེ་ཡོན་ཟེར་བ་ཞིག་གིས། ལྷ་ཉིང་ལྕགས་ལམ་གྱི་ཟམ་པ་ཁག་གཅིག་ཤུགས་ཚད་མཐོ་བའི་ས་ཡོམ་ཁུལ་དུ་གནས་པ་དང་། ལག་རྩལ་ཐད་རིག་པས་ཁུངས་སྐྱེལ་ཐེངས་མང་བྱས་ཚུལ་དང་། ཟམ་པ་དེ་དག་བསྐྲུན་པ་ལས་ས་མཐོའི་ཁོར་ཡུག་རི་ཁུལ་ལྕགས་ལམ་གྱི་ཟམ་པའི་ལག་རྩལ་ཡར་རྒྱས་འགྲོ་བར་ཉམས་མྱོང་མང་པོ་བྱུང་བས། རྗེས་ཕྱོགས་ཁྲོན་བོད་ལྕགས་ལམ་བསྐྲུན་རྒྱུར་དོན་སྙིང་ལྡན་པའི་དཔྱད་གཞི་མཁོ་འདོན་བྱས་ཡོད་པར་བཤད།

རྒྱ་ནག་གཞུང་གིས་ལྷ་ཉིང་བྱ་སྐད་ལྕགས་ལམ་ཟེར་དེ་ལྷ་ས་ནས་རྒྱ་གར་ཨ་རུ་ནཱ་ཅལ་མངའ་སྡེའི་ས་མཚམས་བར་མཐུད་འཆར་ཡོད་པ་དང་། རྒྱལ་སྤྱིའི་སྲིད་དོན་དབྱེ་ཞིབ་པ་ཚོས་རྒྱ་ནག་གིས་རྒྱ་གར་ས་མཚམས་བར་ལས་གཞི་སྣ་ཚོགས་བརྒྱུད། ལྕགས་ལམ་དང་གཞུང་ལམ་ཤུགས་ཆེན་པོས་འཐེན་བཞིན་པ་ནི། དམིགས་ཡུལ་གཅིག་ལས་མེད་པ་དང་དེ་ནི་རྒྱ་དཀར་ནག་གཉིས་བོད་ཧིན་ས་མཚམས་ནས་ཡང་ཡང་གདོང་ཐུག་འབྱུང་བཞིན་པ་དང་བསྟུན། རྒྱ་ནག་གིས་ལས་གཞི་དེ་དག་དམག་མི་དང་དམག་ཆས་དབོར་འདྲེན་ཆེད་ཡིན་པ་མངོན་གསལ་ཡིན་པ་དང་། རྒྱ་ནག་གིས་དེ་སྔ་ས་མཚམས་ཁུལ་གྱི་གཞུང་ལམ་དང་གནམ་ཐང་ཁག་དམག་གི་ལྟེ་གནས་སུ་སྤྱོད་བཞིན་ཡོད་སྐོར་བརྗོད་བཞིན་ཡོད་པ་རེད།ཕྱི་ལོ་ ༢༠༡༦ ལོར་རྒྱ་ནག་གཞུང་གིས་མཚོ་བོད་ལྕགས་ལམ་དེ་སྣེ་གཉིས་སུ་གྱེས་ཏེ་སྣེ་གཅིག་བལ་ཡུལ་དང་སྣེ་གཞན་དེ་རྒྱ་གར་དང་འབྲུག་བཅས་ཀྱི་ས་མཚམསས་བར་མཐུད་དེ།  ཕྱི་ལོ་ ༢༠༢༠ ལོར་ཁྱིམ་མཚེས་རྒྱལ་ཁབ་དེ་དག་གི་ས་མཚམས་བར་མེ་འཁོར་ཤར་གཏོང་ཐུབ་པ་བྱ་རྒྱུ་ཡིན་ཞེས་བསྒྲགས་ཡོད་པ་དང་། རྒྱ་དཀར་ནག་གཉིས་ལོ་ལྟར་བྱང་ཤར་མཐའ་མཚམས་ཁུལ་དུ་གདོང་ཐུག་བྱུང་གི་ཡོད་པ་ལྟར། རྒྱ་གར་ཕྱོགས་ནས་ལོ་ཤས་ནས་མཐའ་མཚམས་སུ་དམག་དཔུང་རྒྱ་སྐྱེད་དང་། བྱང་ཤར་ཁུལ་ནང་ལམ་ཁ་བཟོ་བ་དང་ཆུ་རགས་འཛུགས་སྐྲུན་སོགས་ཀྱི་ལས་གཞི་འདྲ་མིན་སྤེལ་བཞིན་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༤ ལོ་ནས་རྒྱ་གར་གཞུང་གིས་ཨ་རུ་ནཱ་ཅལ་མངའ་སྡེའི་ཝི་ཇའེ་ནཱ་གྷར་ (Vijaynagar) ནས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་མོན་རྟ་དབང་གི་མཱ་གྷོ་ཐིང་བུ་ (Mago-Thingbu) བར་རིང་ཚད་སྤྱི་ལེ་ ༢༠༠༠ ལྷག་གི་གཞུང་ལམ་གསར་སྐྲུན་ལས་གཞི་མགོ་བཙུགས་ཡོད་པ་རེད།

རྒྱ་ནག་གཞུང་གིས་ལོ་ལྟར་ས་གནས་ཡུལ་མིའི་དཔལ་འབྱོར་གནས་བབ་ཡར་རྒྱས་ཆེད་ཡུལ་སྐོར་སྤྲོ་འཆམ་པར་དམིགས་པ་ཡིན་སྐོར་བརྗོད་ནས་བོད་ཁུལ་དུ་གཞུང་ལམ་དང་ལྕགས་ལམ་སྣ་ཚོགས་བཟོ་སྐྲུན་གྱི་ལས་གཞི་རྩོམ་གྱི་ཡོད་པ་དེས། ས་གནས་ཡུལ་མིའི་དཔལ་འབྱོར་ལ་ཕན་ཐོགས་ལས་གནོད་སྐྱོན་ཆེ་བ་ཡོང་གི་ཡོད་པའི་བསམ་ཚུལ་མང་པོ་ཡོང་གི་ཡོད་པ་རེད། འཛུགས་སྐྲུན་ཆེད་ཡུལ་མིའི་ས་ཆ་བཙན་འཕྲོག་བྱས་ཏེ་བོད་མི་ཚོའི་འཚོ་གནས་ཐད་དཀའ་ངལ་མང་པོ་འཕྲད་བཞིན་ཡོད་ལ། ཡུལ་མིའི་ས་ཆ་བཙན་འཕྲོག་བྱས་པར་མི་མང་གིས་མ་འདོད་པའི་རྣམ་འགྱུར་བསྟན་པ་དང་ཞུ་གཏུག་བྱས་པར་བརྟེན། རྒྱལ་ཁབ་ཀྱི་ལས་དོན་ལ་འགོག་རྐྱེན་བཟོས་པ་དང་རྒྱལ་ཁབ་ཀྱི་བཀའ་བཀོད་ལ་མ་ཉན་པ། སྤྱི་ཚོགས་ནང་ཟིང་ཆ་སློང་བ་སོགས་ཀྱི་ཉེས་མིང་འོག་མི་མང་ལ་ཉེན་བརྡ་འཇིགས་སྐུལ་དང་། འཛིན་བཟུང་ཉེས་ཆད་གཏོང་བ་སོགས་བྱེད་ཀྱི་ཡོད་པ་རེད།

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༦ ལོར་མཐོ་ཚད་ལ་རྒྱ་མཚོའི་ངོས་ནས་མི་ཊར་ ༥༠༠༠ ལྷག་དང་རིང་ཚད་ལ་ཀི་ལོ་མི་ཊར་ ༡༡༤༢ ཡོད་པའི་ན་གོར་མོ་ནས་ལྷ་ས་བར་གྱི་ལྕགས་ལམ་བཟོ་སྐྲུན་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ལོའི་ཟླ་ ༨ ཚེས་ ༡༦ ཉིན་མཐོ་ཚད་རྒྱ་མཚོའི་ངོས་ནས་མི་ཊར་ ༣༦༠༠ ནས་ ༤༠༠༠ བར་དང་། རིང་ཚད་ལ་སྤྱི་ལེ་ ༢༥༣ དང་འབབ་ཚུགས་ ༡༣ ཙམ་ཡོད་པའི་ལྷ་ས་ནས་གཞིས་རྩེ་བར་མེ་འཁོར་ཤར་གཏོང་བྱས་ཡོད་པ་རེད། དེ་བཞིན་ཕྱི་ལོ་ ༢༠༡༥ ལོ་ནས་ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་འཛུགས་སྐྲུན་གྱི་ལས་མགོ་འཛུགས་ཀྱིས་ད་ལྟ་བཟོ་བཞིན་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༩/༡༤

Leave a Reply