༧གོང་ས་མཆོག་ནས་རྒྱལ་ཁབ་བདུན་གྱི་ཚོགས་འདུར་བཀའ་སློབ་སྩལ།

༧གོང་ས་རྒྱལ་བ་རིན་པོ་མཆོག་ནས་འཛམ་གླིང་རྒྱལ་ཁབ་བདུན་གྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་ཛ་དྲག་གི་དཔལ་འབྱོར་གནས་བབ་སྐོར་གྱི་ཚོགས་འདུའི་ཐོག་རྒྱལ་ཁབ་ཚང་མས་གོ་ལའི་ཚ་དྲོད་མྱུར་པོར་རྒྱས་བཞིན་པར་དོ་འཁུར་ཆེན་པོ་དགོས་སྐོར་གསུངས།ཟླ་འདིའི་ཕྱི་ཚེས་ ༡༢ ཉིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཨ་རིའི་དམངས་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་ནན་སི་པི་ལོ་སི་མཆོག་གི་གོ་སྒྲིག་འོག རྒྱལ་སྤྱིའི་རྒྱལ་ཁབ་བདུན་གྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་ཛ་དྲག་དཔལ་འབྱོར་གནས་བབ། འགྲོ་བ་སྤྱི་ཡོངས་ལ་ཁོར་ཡུག་དྲང་བདེན་ཞེས་པའི་ཚོགས་འདུའི་སྟེང་། དྲ་ལམ་བརྒྱུད་བཀའ་སློབ་བསྩལ་གནང་ཡོད་པ་དང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་དེ་ཨེ་ཤ་ཡའི་གཙང་བོ་མང་པོའི་འབྱུང་ཁུངས་ཡིན་ན་ཡང་། ད་ལྟའི་ཆར་གོ་ལ་ཡོངས་ཀྱི་གནམ་གཤིས་འགྱུར་ལྡོག་རྐྱེན་གྱིས་རྒྱུག་ཆུ་མང་པོ་སྐམ་ནས་འགྲོ་བཞིན་ཡོད་སྐོར་གསུངས་སོང་།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། རྒྱལ་སྤྱིའི་རྒྱལ་ཁབ་བདུན་གྱི་ཚོགས་འདུ་འདི་ལྟ་བུ་གོ་སྒྲིག་གནང་བ་དེ་ཧ་ཅང་ཡག་པོ་ཡོད་པ་དང་། ཚོགས་འདུ་འདི་བརྒྱུད་ངོས་ཀྱིས་ནམ་རྒྱུན་བཤད་པ་ལྟར་ང་ཚོས་མ་འོངས་པར་འཛམ་གླིང་གི་མི་མང་ཐེར་འབུམ་༧ ཡོད་པ་ཚང་མ་འགྲོ་བ་མིའི་ཚོགས་སྤྱི་གཅིག་ཡིན་པའི་འདུ་ཤེས་འཛིན་དགོས་པ་ལས། ངའི་རྒྱལ་ཁབ་དང་ངའི་ཆོས་ལུགས་ཞེས་ཕུགས་རྒྱང་ཐུང་བའི་བསམ་བློ་གཏོང་རྒྱུ་མེད་པ་དང་། གལ་ཏེ་ང་ཚོས་འདས་པའི་ལོ་རྒྱུས་ལ་གཟིགས་པ་ཡིན་ན། སྐབས་དེར་ངའི་རྒྱལ་ཁབ་དང་ངའི་ཆོས་ལུགས་འགྲོ་བ་མིའི་ཁ་དོག་ཚུད་པའི་སྒེར་འཛིན་ཤུགས་ཆེར་བྱུང་བའི་རྐྱེན་གྱིས་དཀའ་ངལ་མང་པོ་འཕྲད་ཡོད་པ་རེད། ང་དང་ང་ཟེར་བའི་བསམ་བློ་གཏོང་སྟངས་དེ་ཧ་ཅང་བསམ་ཚུལ་གུ་དོག་པོ་ཡིན་པ་དང་། འགྲོ་བ་མི་ཚང་མ་གཅིག་ལ་གཅིག་རྟེན་ཡིན་སྟབས། ད་ལྟ་ང་ཚོ་ཚང་མས་འགྲོ་བ་མིའི་རིགས་སྤྱི་ལ་བསམ་བློ་གཏོང་དགོས་པའི་དུས་ལ་བསླེབས་ཡོད་སྐོར་གསུངས་སོང་།

ཡང་གོ་ལའི་གནམ་གཤིས་འགྱུར་ལྡོག་སྐོར་ལ་༧གོང་ས་མཆོག་གིས།  ད་ལྟའི་ཆར་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་ཚ་དྲོད་འཕེལ་བཞིན་པ་དེ་གནས་སྟངས་ཛ་དྲག་ཆགས་བཞིན་ཡོད་པ་དང་། ངོས་ཀྱི་གྲོགས་པོ་ཤ་ཁས་ཀྱིས་གོ་ལའི་ཚ་དྲོད་དེ་མ་འོངས་པའི་ལོ་བཅུ་ཕྲག་འགའ་ཤས་ནང་དེ་ལས་ཛ་དྲག་ཆེ་རུ་འགྲོ་རྒྱུ་ཡིན་སྐོར་བརྗོད་བྱུང་ལ། རྒྱལ་ཁབ་བདུན་གྱི་ཚོགས་ཞུགས་པ་ཚོས་གནས་སྟངས་དེ་གལ་ཆེར་དོན་ཆེར་འཛིན་བཞིན་པ་དེ་ཧ་ཅང་ཡག་པོ་རེད་ལ། ངོས་ཀྱིས་རྒྱུན་ཏུ་མི་ཚོར་འཛམ་གླིང་གི་ཡང་རྩེ་བོད་དེ་གཙང་ཆུ་མང་པོའི་འབྱུང་ཁུངས་ཡིན་པ་དང་། བོད་ནས་རྒྱ་ནག་ནང་འབྲི་ཆུ་དང་རྒྱ་གར་ནང་ཡར་ཀླུང་གཙང་པོ། དེ་བཞིན་པ་ཀི་སི་ཐན་ནང་སེང་གེ་གཙང་བོ་རྒྱུག་བཞིན་པ་སོགས། ཨེ་ཤ་ཡ་ཧྲིལ་བོའི་ཆུ་ཡི་འབྱུང་ཁུངས་དེ་བོད་ནས་ཡིན་པ་དང་། ད་ལྟའི་ཆར་བོད་ནང་གི་གཙང་ཆུ་ཉུང་རུ་འགྲོ་བཞིན་ཡོད་པ་མ་ཟད། བོད་མི་ཚོས་བོད་ནང་གངས་འབབ་རྒྱུ་ཉུང་ནས་ཉུང་རུ་འགྲོ་བཞིན་ཡོད་པ་ཚོར་གྱི་ཡོད་སྐོར་གསུངས་སོང་།

མཇུག་ཏུ་༧གོང་ས་མཆོག་གིས། གོ་ལའི་ཚ་དྲོད་རྒྱས་བཞིན་པ་དེ་ཧ་ཅང་ཛ་དྲག་ཆགས་ཡོད་པས། ད་ལྟའི་ཆར་ང་ཚོར་དངོས་ནས་དཀའ་ངལ་མང་པོ་འབྱུང་བཞིན་ཡོད་སྟབས། ད་ལྟ་བསམ་བློ་གཏོང་རྒྱུ་ཙམ་མིན་པར་ལག་ལེན་དངོས་ལ་འབབ་པའི་གནས་སྟངས་ལ་ཐུག་ཡོད་པ་དང་། གོ་ལའི་ཚ་དྲོད་རྐྱེན་གྱིས་འཛམ་གླིང་གི་ས་ཁུལ་འགའ་ཤས་ནང་ཆར་ཆུ་ཚད་ལས་བརྒལ་བ་འབབ་བཞིན་པ་དང་། ས་ཁུལ་ཁ་ཤས་སྐམ་ནས་མི་མང་ལ་དཀའ་ངལ་ཤུགས་ཆེར་འཕྲད་བཞིན་ཡོད་པ་དང་། ལྷག་པར་དུ་ཨ་ཧྥེ་རི་ཁའི་ས་ཁུལ་འགའ་ཤས་ནང་ཕྱོགས་གཅིག་ལ་ཆར་བ་ཤུགས་ཆེར་བབ་པ་དང་། ཕྱོགས་གཅིག་ལ་ཆར་མ་བབ་པའི་དཀའ་ངལ་ཡོང་གི་ཡོད་པ་མ་ཟད། རྒྱ་གར་དང་རྒྱ་ནག་གཉིས་ནང་དེ་ལྟར་བྱུང་གི་ཡོད་པ་རེད། གནས་སྟངས་དེ་འདྲའི་འོག་དབུལ་ཕྱུག་གི་ཁྱད་པར་ཤོར་ཏེ་ཕྱུག་པོ་ཚོ་ཁང་པ་ཡག་པོའི་ནང་བསྡད་དེ་གནས་སྟངས་དེར་བསམ་བློ་གཏོང་གི་མེད་ན་ཡང་། དབུལ་པོ་ཚོར་དངོས་ནས་དཀའ་ངལ་ཤུགས་ཆེར་འཕྲད་བཞིན་ཡོད་པ་རེད། དེ་འདྲ་སོང་ཙང་ད་ནས་བཟུང་ང་ཚོས་གོ་ལའི་ཚ་དྲོད་ཐད་དོ་སྣང་ཤུགས་ཆེར་སྤྲོད་དགོས་སྐོར་གསུངས་སོང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༩/༡༤

Leave a Reply