རྒྱ་ནག་གི་འཕྲུལ་ལས་ཁང་ཞིག་གིས་གསང་བའི་ཐོག་ནས་འཛམ་གླིང་གི་མི་གྲངས་ས་ཡ་ ༢ ལྷག་གི་གནས་ཚུལ་བསྡུ་ལེན་བྱས།

རྒྱ་ནག་ཀྲིན་ཧྭ་འཕྲུལ་རིག་སྤྱི་གཉེར་ཁང་གིས་འཛམ་གླིང་རྒྱལ་ཁབ་མང་པོའི་སྲིད་འཛིན་སྲིད་བློན་སོགས་གནད་ཡོད་མི་སྣ་དང་ཚོང་ལས་བ། ཆོས་པ་སོགས་མི་གྲངས་ས་ཡ་ ༢།༣ ལྷག་གི་གནས་ཚུལ་ཞིབ་ཕྲ་ལྐོག་ནས་བསྡུ་ལེན་བྱས་ཡོད་པའི་གནས་ཚུལ་ཕྱིར་གྱར་འདུགདེ་རིང་རྒྱ་གར་བང་ཆེན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདས་པའི་ཟླ་བ་གཉིས་ལྷག་གི་རིང་རྒྱ་གར་གྱི་བང་ཆེན་གསར་ཁང་གཙོས་པའི་རྒྱལ་སྤྱིའི་གསར་ཁང་ཆེ་གྲས་བཞི་ཡིས། རྒྱ་ནག་གི་ལྷོ་རྒྱུད་གྲོང་ཁྱེར་ཧྲན་ཁྲན་ནང་རྟེན་གཞི་བྱས་པའི་ཀྲིན་ཧྭ་འཕྲུལ་རིག་སྤྱི་གཉེར་ཁང་ (Zhenhua Data Information Technology Co.Ltd) གི་ཕྱིར་གྱར་བའི་ཡིག་ཆ་ལ་རྟོག་ཞིབ་བྱས་པ་བརྒྱུད། སྤྱི་གཉེར་ཁང་དེས་ད་བར་རྒྱ་གར་དང་། ཨོ་གླིང་། ཨ་རི། དབྱིན་ཡུལ། ཉི་ཧོང་། ཁེ་ན་ཌ། འཇར་མ་ནི། ཨ་རབ་སྤྱི་མཐུན་རྒྱལ་ཁབ་བཅས་ཀྱི་སྲིད་འཛིན་གྱིས་མཚོན་པའི་མཐོ་རིམ་མགོ་འཁྲིད་ནས། ཆོས་ལུགས་ཀྱི་མགོ་འཁྲིད། རིག་ཚན་འདྲ་མིན་གྱི་ཚབ་མཚོན་མི་སྣ་དང་། ཐ་ན་ཉེས་ཅན་པ་དག་གི་སྒེར་གྱི་གནས་ཚུལ་གསོག་འཇོག་བྱས་ཏེ། གཞི་རྒྱ་ཆེ་བའི་གོ་ལ་རང་བཞིན་གྱི་གནས་ཚུལ་བསྡུ་རུབ་ཀྱི་ལས་གཞི་ཞིག་སྤེལ་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་མ་ཟད། ཞིབ་འཇུག་པ་རྣམས་ཀྱིས་སྤྱི་གཉེར་ཁང་དེས་མི་སྒེར་གྱི་གནས་ཚུལ་དེ་དག་རྒྱ་ནག་གཞུང་ལ་མཁོ་འདོན་བྱེད་ཀྱི་ཡོད་པའི་དོགས་པ་བྱེད་ཀྱི་འདུག

རྒྱ་ནག་ཏུ་ཡོད་པའི་ཕྱིའི་ས་གནས་གསར་འགོད་པ་ཞིག་ཀྲིན་ཧྭ་སྤྱི་གཉེར་ཁང་གི་ལས་ཁུངས་ལྟེ་བར་ཆེད་བཅར་གྱིས་ད་ཐེངས་ཀྱི་གནས་ཚུལ་དང་འབྲེལ་བའི་སྐོར་དྲིས་པར་འབྲེལ་ཡོད་ལས་མི་ཞིག་གིས། དེ་དག་སྤྱི་གཉེར་ཁང་གི་ཚོང་དོན་གཉེར་ཕྱོགས་ཀྱི་གསང་བའི་གནས་ཚུལ་དང་འབྲེལ་བ་ཡོད་པས། ལན་འདེབས་བྱེད་ཐབས་མེད་སྐོར་བརྗོད་འདུག་པ་མ་ཟད། ཟླ་འདིའི་ཕྱི་ཚེས་ ༩ ཉིན་སྤྱི་གཉེར་ཁང་དེའི་དྲ་རྒྱ་ཡང་སྒོ་བརྒྱབ་འདུག གཞན་ཡང་། རྒྱ་གར་བང་ཆེན་གསར་ཁང་གིས་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་ལ་དེའི་སྐོར་དྲིས་པར་གཞུང་ཚབ་ཁང་གིས། རྒྱ་ནག་གཞུང་ངོས་ནས་སྒེར་གཉེར་བཟོ་གྲྭའམ་མི་སྒེར་སུ་འདྲ་ཞིག་ལའང་། ཕྱིའི་རྒྱལ་ཁབ་ཏུ་གསོག་འཇོག་བྱས་པའི་གནས་ཚུལ་རིགས་མཁོ་སྤྲོད་བྱེད་དགོས་པའི་བཀའ་གཏོང་གི་མེད་པ་མ་ཟད། རྒྱ་ནག་གཞུང་ངོས་ནས་དུས་རྟག་དུ་རྒྱ་ནག་གིས་སྤྱི་གཉེར་ཁང་ཚོས་ཕྱིའི་རྒྱལ་ཁབ་ནང་ཚོང་དོན་གཉེར་སྐབས། འབྲེལ་ཡོད་རྒྱལ་ཁབ་ཀྱི་ཁྲིམས་སྒྲིག་ཁག་ལ་བརྩི་སྲུང་དགོས་པའི་ལམ་སྟོན་བྱེད་ཀྱི་ཡོད་སྐོར་བརྗོད་ཡོད་འདུག

ཨོ་གླིང་དུ་རྟེན་གཞི་བྱས་པའི་དྲ་ལམ་བདེ་འཇགས་ཆེད་མཁས་པ་རོ་བྷར་ཊི་པོ་ཊར་ (Robert Potter) གྱིས། སྤྱིར་རྒྱལ་ཁབ་ཚང་མས་ཕྱིའི་གནས་ཚུལ་བསྡུ་ལེན་བྱེད་ཀྱི་ཡོད་པ་དངོས་བདེན་ཡིན་ཡང་། རྒྱ་ནག་གིས་རྙོང་ཟིང་ཆེ་བའི་འཕྲུལ་རིག་བཀོལ་སྤྱོད་བརྒྱུད་གནས་ཚུལ་ཕོན་ཆེན་བསྡུ་རུབ་བྱེད་བཞིན་པ་དེ་ཚད་ལས་བརྒལ་བ་ཞིག་རེད། ཅེས་དང་། རྒྱ་ནག་གིས་ད་ལན་བསྡུ་རུབ་བྱས་པའི་གནས་ཚུལ་གྱི་གཏིང་ཚད་དང་གཞི་རྒྱ་ཆེ་ཆུང་ལ་བལྟས་ན། རྒྱ་ནག་གིས་གནས་ཚུལ་བསྡུ་ལེན་གྱི་འཐབ་བྱུས་དེ་གལ་ཆེར་འཛིན་གྱི་ཡོད་པ་ཤེས་ཐུབ། ཅེས་བརྗོད་ཡོད་འདུག དབྱེ་ཞིབ་པ་མི་ཉུང་བས་ད་ལན་གྱི་གནས་ཚུལ་འདིས་དུས་རྒྱུན་རྒྱ་ནག་གིས་སྒེར་གཉེར་སྤྱི་གཉེར་ཁང་བརྒྱུད་ནས་ཕྱིའི་གནས་ཚུལ་མཁོ་སྒྲུབ་བྱེད་ཀྱིན་པའི་དོན་དངོས་དེ་ར་འཕྲོད་བྱུང་ཡོད་སྐོར་དང་། ནུབ་གླིང་རྒྱལ་ཁབ་ཚོས་དེར་གདོང་ལེན་བྱེད་གལ་ཆེ་སྐོར་བརྗོད་ཡོད་འདུགཀྲིན་ཧྭ་སྤྱི་གཉེར་ཁང་གི་ཡིག་ཆ་རྣམས་མིང་འདོན་བྱེད་འདོད་མེད་པའི་འབྲེལ་ཡོད་མི་སྣ་ཞིག་གིས། དེ་སྔ་ཧྲན་ཁྲན་དུ་སློབ་ཁྲིད་བྱས་མྱོང་ཞིང་། ད་ལྟ་ཝི་ཐི་ནམ་དུ་ཡོད་པའི་སློབ་དཔོན་ཁི་རི་ཊོ་ཕར་བྷལ་དྷིང་ (Christopher Balding) ཟེར་བ་ཞིག་བརྒྱུད། རྒྱ་གར་གྱི་བང་ཆེན་གསར་ཁང་ (The Indian Express) དང་། དབྱིན་ཡུལ་གྱི་ཉིན་རེའི་ཊེ་ལི་གྷ་རབ་གསར་ཤོག (The Daily Telegraph)། ཨོ་གླིང་གི་དཔལ་འབྱོར་བསྐྱར་ཞིབ་གསར་ཁང་ (The Australian Financial Review)། ཨི་ཊ་ལིའི་ཨིལ་ཧྥོག་ལིའོ་གསར་ཤོག (Il Foglio) བཅས་ལ་མཁོ་འདོན་བྱས་ཡོད་ཅིང་། གསར་ཁང་དེ་དག་གིས་མཉམ་འབྲེལ་སྒོས་རྙོག་ཟིང་ཆེ་བའི་ཡིག་ཆ་དེ་དག་ལ་ཞིབ་འཇུག་བྱེད་སྐབས། སྤྱི་གཉེར་ཁང་དེའི་གཞུང་འབྲེལ་དྲ་རྒྱའི་སྟེང་། གནས་ཚུལ་ཕོན་ཆེན་བསྡུ་ལེན་གྱི་དམག་འཐབ་ (Hybrid Warfare) ནང་བྱན་ཆུབ་པ་ཞིག་ཡིན་པ་དང་། རྒྱལ་ཁབ་གཅིག་སྒྲིལ་གྱི་བྱ་བར་རམ་འདེགས་བྱེད་ཀྱི་ཡོད་སྐོར་བཀོད་ཡོད་པ་མ་ཟད། ད་བར་ཕྱིའི་རྒྱལ་ཁབ་ཀྱི་མཐོ་རིམ་མགོ་འཁྲིད་དང་ཚོང་པ་ལ་སོགས་པ་ཁྱོན་མི་གྲངས་ས་ཡ་མང་པོའི་གནས་ཚུལ་བསྡུ་རུབ་བྱས་ཡོད་པ་དང་། སྤྱི་གཉེར་ཁང་དེས་མངོན་གསལ་དོད་པོའི་ཐོག་ནས་རང་གི་འཛད་སྤྱོད་པའི་ཁོངས་སུ་རྒྱ་ནག་གི་གསང་བའི་ལས་ཁུངས་དང་། བདེ་འཇགས་ལས་ཁུངས། དམག་བཅས་ཡོད་སྐོར་བཀོད་ཡོད་པ་དང་། ད་བར་སྤྱི་གཉེར་ཁང་དེས་འཛམ་གླིང་གི་མི་གྲངས་ས་ཡ་ ༢།༣ ལྷག་གི་གནས་ཚུལ་བསྡུ་རུབ་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད།

ཀྲིན་ཧྭ་སྤྱི་གཉེར་ཁང་གིས་རྙོག་ཟིང་ཆེ་བའི་འཕྲུལ་རིག་མ་ལག་བརྒྱུད་མི་སྣ་ཕོན་ཆེན་གྱི་གནས་ཚུལ་བསྡུ་ལེན་བྱས་པའི་ཁྲོད། མི་སྣའི་མིང་དང་། སྐྱེ་ཚེས། ཤེས་ཡོན་གྱི་བརྒྱུད་རིམ། ཆེད་ལས། ནག་ཉེས་ཅི་བསགས། དེ་བཞིན་མི་སྒེར་དེའི་སྤྱི་ཚོགས་དྲ་ལམ་ཁག་གི་ཁ་བྱང་དང་། དྲ་བར་ཡོད་པའི་གནས་ཚུལ་གཞན་ཁག ཐ་ན་མི་སྒེར་དེའི་དགའ་ཉེ་སྤུན་མཆེད་རྣམས་ཀྱི་གནས་ཚུལ་སོགས་ཀྱང་བསྡུ་ལེན་བྱས་ཡོད་འདུག དེ་ཡང་རྒྱ་གར་བང་ཆེན་གསར་ཁང་གི་གནས་ཚུལ་ནང་རྒྱ་ནག་གི་སྤྱི་གཉེར་ཁང་དེས་རྒྱ་གར་ནང་གི་མི་གྲངས་ཁྲི་ ༡ ལྷག་གི་གནས་ཚུལ་བསྡུ་རུབ་བྱས་ཡོད་པའི་ཁྲོད། རྒྱ་གར་གྱི་སྲིད་བློན་ལས་ཐོག་མུ་དྷི་མཆོག་དང་སྲིད་བློན་ཟུར་པ་བཞི། དེ་བཞིན་སྲིད་འཛིན་དང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ ༢༤། དབུས་ཀྱི་གྲོས་ཚོགས་འཐུས་མི་ ༣༥༠ དང་ཁོ་ཚོའི་དགའ་ཉེ་སྤུན་རྣམས་ཀྱི་གནས་ཚུལ་ཡོད་སྐོར་དང་། དེ་བཞིན་དབྱིན་ཡུལ་གྱི་ཊེ་ལི་གྷ་རབ་གསར་ཁང་གི་གནས་ཚུལ་ནང་། དབྱིན་ཡུལ་གྱི་སྲིད་བློན་བྷོ་རི་སི་ཇོན་སོན་མཆོག་དང་། དབྱིན་ཇིའི་བཙུན་མོ་སོགས་ཁྱོན་མི་གྲངས་ཁྲི་ ༤ ལྷག་གི་གནས་ཚུལ་གསོག་ཉར་བྱས་ཡོད་འདུག

ཀྲིན་ཧྭ་སྤྱི་གཉེར་ཁང་དེ་རྒྱ་ནག་གི་འཕྲུལ་རིག་བཟོ་གྲྭའི་ལྟེ་བར་འབོད་པའི་ལྷོ་བརྒྱུད་ཀོང་ཏུང་ (Guangdong ) ཞིང་ཆེན་གྱི་ནན་ཧྲན་ (Nanshan) རྫོང་དུ་རྟེན་གཞི་བྱས་ཡོད་ཅིང་། ཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་གཅིག་སྒྲིལ་ཡོང་ཐབས་ཟེར་བར་རམ་འདེགས་ཆེད་འཛམ་གླིང་གི་གནས་ཚུལ་མཁོ་བསྡུ་བྱ་རྒྱུའི་དམིགས་ཡུལ་འོག་མགོ་བཙུགས་པ་ཞིག་ཡིན་པ་དང་། ད་ལྟའི་ཆར་རྒྱལ་ཁབ་ ༢༠ ལྷག་གི་ནང་སྤྱི་གཉེར་ཁང་དེའི་ཡན་ལག་ལས་ཁུངས་ཡོད་ཅིང་། འདས་པའི་ལོ་ ༢ ནང་སྤྱི་གཉེར་ཁང་དེས་ཕྱིའི་རྒྱལ་ཁབ་ཀྱི་མི་སེར་ས་ཡ་མང་པོར་དྲ་ལམ་བརྒྱུད་སོ་མྱུལ་བྱས་ཡོད་འདུག ཡང་ཨོ་གླིང་གི་ཨེ་བྷི་སི་གསར་ཁང་གི་གནས་ཚུལ་ནང་། ཀྲིན་ཧྭ་སྤྱི་གཉེར་ཁང་དེ་རྒྱ་ནག་གི་ཀྲིན་ཧྭ་འཕྲུལ་ཆས་བཟོ་ཚོང་ཁང་ (Zhenhua Electronics) གི་ཡིན་པ་དང་། ཀྲིན་ཧྭ་འཕྲུལ་ཆས་བཟོ་ཚོང་ཁང་དེ་རྒྱ་ནག་གི་གཞུང་གཉེར་འཕྲུལ་རིག་མཉམ་འབྲེལ་བཟོ་ཚོང་ཁང་(China Electronic Information Industry Group) གི་ཡིན་སྐོར་བཀོད་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༩/༡༤

Leave a Reply