དགེ་ལུཊ་པའི་དགོན་སྡེ་ཁག་ནང་འོས་བསྡུའི་དྲིལ་བསྒྲཊ་རིཊ་གནང་མི་ཆོག་པ་བཟོས།

རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་གཞུང་འཛིན་ལྷན་ཚོགས་ཀྱིས་དགེ་ལུཊ་སྤྱི་འཐུས་ནས་ལས་འགན་ཁག་མིང་དོན་མཚུངས་པའི་རང་ཚུགས་བརྟན་པོ་བཟུང་ནས་ཆོས་ལུགས་དང༌། ཆོས་བརྒྱུད་ཀུན་ལ་འདྲ་མཉམ་གུས་བཀུར་གྱིས། ༧གོང་ས་ཆེན་པོ་མཆོག་གི་བཀའ་དགོངས་ཁག་དང་འགལ་མེད་བསྒྲུབ་རྒྱུར་འབད་བརྩོན་ལྷོད་མེད་ཞུ་དགོས་པ་སོགས་ཀྱི་གྲོས་ཆོད་དོན་ཚན་ ༩ བཞག་གནང་འདུགཟླ་འདིའི་ཕྱི་ཚེས་ ༩ ཉིན་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་གཞུང་འཛིན་ལྷན་ཚོགས་ཀྱིས་སྲིད་སྤྱིའི་འོས་བསྡུ་སྐབས་དགེ་འདུན་པའི་ཀུན་སྤྱོད་བསྟེན་ཕྱོགས་ཐད་དམིགས་བསལ་ཚོགས་འདུ་ཞིག་ཚོགས་ཏེ། དགེ་ལུགས་པའི་དགོན་སྡེ་ཀུན་ལ་ཁྱབ་པའི་ལམ་སྟོན་ཡིག་ཆ་དོན་ཚན་ ༩ ཅན་ཞིག་གཏན་འབེབས་གནང་ཡོད་པའི་ནང་། དགེ་ལུགས་པའི་དགོན་སྡེ་ཁག་གི་ནང་། འོས་བསྡུའི་སྐབས་སུ་ཆབ་སྲིད་ཀྱི་དྲིལ་བསྒྲགས་སོགས་བྱེད་མི་ཆོག་པ་དང་། དགེ་ལུགས་སྤྱི་འཐུས་ཁག་གིས་༧གོང་ས་ཆེན་པོ་མཆོག་གི་བཀའ་དགོངས་ཁག་དང་འགལ་མེད་བསྒྲུབ་རྒྱུར་འབད་བརྩོན་ལྷོད་མེད་ཞུ་རྒྱུ་ལས། ཆོལ་ཁ་དང་། ཆོས་བརྒྱུད། ལུང་ཚན་ཕྱོགས་འཐེན་སོགས་ཀྱིས་མཚོན། ཚོགས་སྒེར་སོགས་གཞན་སུ་ཞིག་གི་ཆབ་སྲིད་ཀྱི་ལག་ཆ་ལྟ་བུར་གཏན་ནས་མི་འགྱུར་བའི་ཁས་ལེན་སྙན་གསོལ་ཞུ་དགོས་པ་སོགས་བཀོད་འདུག

འདི་གའི་གསར་འགོད་པས་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཕྱག་བསྟར་ངེས་སྟོན་པ་ཤར་རྩེ་མཁན་ཟུར་བྱང་ཆུབ་ཆོས་ལྡན་མཆོག་ལ་གྲོས་ཆོད་དེ་རྣམས་བཞག་གནང་བའི་དགོས་པ་དང་རྒྱུ་མཚན་ཅི་ཡིན་སྐོར་བཀའ་འདྲི་ཞུས་པར་མཁན་ཟུར་མཆོག་གིས། རིམ་གྱིས་འདི་གར་གདན་ས་དང་གྲྭ་ཚང་ཁག་ཏུའང་འོས་བསྡུའི་ལས་རིམ་དེ་དག་དང་འབྲེལ་བའི་བྱ་གཞག་འབྱུང་ངེས་ཡིན་ཕྱིར། རིན་ཐང་ཆེ་བའི་རང་རེའི་གདན་ས་དང་བཤད་གྲྭ་རྣམས་ཀྱིས་ཆབ་སྲིད་ཀྱི་མཛད་འགན་བཞེས་མཁན་མི་སྣ་འདེམས་བསྐོའི་ཐད་གང་ཅིའི་ལག་ལེན་ཀུན་སྤྱོད་བསྟེན་ཕྱོགས་རྣམས། རབ་སྐྱབས་གནས་ཞིང་མཆོག་དགེ་འདུན་གྱི་སྡེ་ལ་འོས་ཤིང་འཚམ་པ་ཀུན་གྱིས་མིག་དཔེར་བྱེད་འོས་པ། འབྲིང་ལ་འཇིག་རྟེན་མི་གཞིའི་ཡ་རབས་སྤྱོད་བཟང་གི་ར་བ་ལས་མ་བརྒལ་པ། མ་མཐར་ཡང་གཟུར་གནས་སྐྱེ་བོའི་བསྔགས་བརྗོད་མ་ཐོབ་ཀྱང་། ཀུན་གྱིས་འཕྱ་སྨོད་དང་དམའ་འབེབས་བྱ་ཡུལ་དུ་མི་འགྱུར་བ་ཞིག་ཅིས་ཀྱང་དགོས་གལ་དུ་གཟིགས་ནས། ཕྱོགས་ལྷུང་ཆགས་སྡང་བྲལ་བའི་གཟུར་གནས་ཀྱི་སྤྱོད་ཐབས་ཇི་དགོས་ཕན་ཚུན་གྲོས་བསྡུར་གྱིས། ཆབ་སྲིད་མི་སྣ་འོས་འདེམས་སྐབས་དེ་དང་འབྲེལ་བའི་དགེ་འདུན་པའི་ཀུན་སྤྱོད་བསྟེན་ཕྱོགས་ཐད། དགེ་ལུགས་པའི་དགོན་སྡེ་ཀུན་ལ་ཁྱབ་པའི་ལམ་སྟོན་ཡིག་ཆ་ཞིག་གཏན་འབེབས་གནང་ཐུབ་ན་དགེ་མཚན་ཡོད་པའི་སྐོར་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་ཁོངས་མཁན་རིན་པོ་ཆེ་རྣམ་པས་འགྲེལ་བཤད་སྐུལ་མ་གནང་བ་ལ་བརྟེན་ནས། ཐེངས་འདིའི་ཚོགས་འདུ་དང་གྲོས་གཞི་ཁག་གཏན་འབེབས་བྱུང་སྐོར་འགྲེལ་བརྗོད་གནང་སོང་།

དམིགས་བསལ་ཚོགས་འདུ་དེའི་གྲོས་ཆོད་དོན་ཚན་གཉིས་པའི་ནང་། བཀའ་ཤག་གིས་དབུ་ཁྲིད་པའི་གཞུང་འབྲེལ་ལས་འགུལ་མ་གཏོགས་གཞུང་འབྲེལ་མིན་པའི་ངོ་རྒོལ་དང་སྐད་འབོད་སོགས་ཆབ་སྲིད་དང་འབྲེལ་བའི་ལས་འགུལ་རིགས་ལ་གདན་སའི་དགེ་འདུན་པ་དང་། སློབ་གཉེར་བ་རྣམ་པ་མཉམ་ཞུགས་མི་ཆོག་པའི་ཐོག ཆབ་སྲིད་ཀྱི་ལས་གནས་ལ་འཚང་མཁན་སྐྱེ་བོ་ཆེ་ཕྲ་སུས་ཀྱང་ས་ཕྱོགས་གང་སར་མི་མང་གིས་རང་ཉིད་ལ་རྒྱབ་སྐྱོར་འོས་འཕེན་གནང་རོགས། ཞེས་རེ་བསྐུལ་ཁྱབ་བསྒྲགས་ལས་འགུལ་སྤེལ་སྐབས་སུ་གདན་ས་དང་། བཤད་གྲྭ་ཁག་ནང་ཁྱབ་བསྒྲགས་ལས་འགུལ་དེའི་རིགས་སྤེལ་མི་ཆོག་ཅིང་། དེ་འབྲེལ་ཁྱབ་བསྒྲགས་འཕྲེད་དར་དང་སྦྱར་ཡིག་སོགས་ཀྱང་གདན་ས་དང་། བཤད་གྲྭའི་ཁོར་ཡུག་གི་ནང་དུ་ཚུད་པའི་རྩིག་གྱང་དང་། ཀ་བ་སོགས་ལ་གང་བྱུང་དུ་སྦྱར་མི་ཆོག་པ་བཀོད་ཡོད་པ་མ་ཟད། དོན་ཚན་གསུམ་པ་དང་བཞི་པའི་ནང་། ཁྱབ་བསྒྲགས་ལས་འགུལ་སྤེལ་ཆེད་དུ་དམིགས་ནས་གདན་ས་དང་བཤད་གྲྭ་ཁག་ཏུ་ཡོད་པའི་སློབ་གྲྭ་དང་། ཚོགས། ཆོས་ར་བཅས་གུང་གསེང་དུ་བཞག་མི་ཆོག་པ་དང་། འོས་གཞིའི་ཁྱབ་བསྒྲགས་ལས་འགུལ་ཆེད་དགོན་པའི་གྲྭ་ཚང་དང་ཆོས་ར་སོགས་མཁར་དངོས་རྣམས་བེད་སྤྱོང་གཏང་མི་ཆོག་པ་བཀོད་འདུགདེ་བཞིན། གྲོས་ཆོད་དོན་ཚན་ལྔ་པའི་ནང་། དབུས་འོས་བསྡུ་ལས་ཁང་གི་གཞུང་འབྲེལ་འོས་བསྡུ་མགོ་འཛུགས་གནང་བ་ནས་གྲུབ་འབྲས་གསལ་བསྒྲགས་མ་བྱས་བར་དུ་བཤད་གྲྭ་དང་གྲྭ་ཚང་། ཁང་ཚན་དང་མི་ཚན་ཁག་དང་། བླ་བྲང་དང་དགེ་འདུན་པ་སྒེར་བ་བཅས་སུས་ཀྱང་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་ཆབ་སྲིད་ཀྱི་ལས་གནས་ལ་འཚང་མཁན་སྐྱེ་བོ་ཆེ་ཕྲ་སུ་ལ་ཡང་དངུལ་དངོས་ཀྱི་རྒྱབ་སྐྱོར་དངོས་སུ་བྱེད་མི་ཆོག་པ་དང་། དོན་ཚན་དྲུག་པའི་ནང་། དགེ་འདུན་པ་སུས་ཀྱང་འོས་གཞི་ཆབ་སྲིད་མི་སྣ་བྱེ་བྲག་པ་ཞིག་ལ་ཕན་པའི་ཆབ་སྲིད་ཀྱི་རྒྱབ་སྐྱོར་ཞུ་ཆེད་དུ་དངུལ་དངོས་སོགས་ཆབ་སྲིད་དང་འབྲེལ་བའི་ལྐོག་རྔན་རིགས་རྩ་བ་ནས་ལེན་མི་ཆོག་པ། དོན་ཚན་བདུན་པའི་ནང་། གདན་ས་དང་བཤད་གྲྭ། གྲྭ་ཚང་ཁག་གི་མཁན་པོ་དང་དགེ་བསྐོས། དབུ་མཛད་དང་ཕྱག་མཛོད་སོགས་དགོན་པའི་འཛིན་སྐྱོང་དང་འབྲེལ་བའི་འགན་ཡོད་ལས་སྣེ་སུས་ཀྱང་བླ་སྤྱི་དང་། གྲྭ་ཚང་། ཁང་ཚན། མི་ཚན་ཁག་ཏུ་དགེ་འདུན་པ་བཞིའམ། དེ་ལས་ལྷག་པ་བསྡུ་སྐོང་གིས་དེ་དག་ལ་ཆགས་སྡང་ཕྱོགས་རིས་འཐེན་འཁྱེར་གྱི་གཏམ་བཤད་སོགས་ཆབ་སྲིད་མི་སྣ་བྱེ་བྲག་པ་སུ་ལའང་ཕྱོགས་འཛིན་རྒྱབ་སྐྱོར་དང་གཞན་ལ་ཁ་གཏད་བྱ་བའི་རིགས་རྩ་བ་ནས་མི་ཆོག་པ་བཀོད་འདུག

ཡང་། གྲོས་ཆོད་དོན་ཚན་དགུ་པའི་ནང་། དགེ་ལུགས་ཆོས་བརྒྱུད་ཀྱི་སྤྱི་འཐུས་རྣམ་པས་མི་མང་གི་ངོ་ཚབ་སྤུས་ཚད་ལྡན་པ་མཚོན་ཐུབ་པ་བྱས་ཏེ། རང་ཚུགས་བརྟན་པོས་༧གོང་ས་ཆེན་པོ་མཆོག་གི་བཀའ་དགོངས་ཁག་དང་། བོད་དང་བོད་མི་ཡོངས་ཀྱི་བདེ་དོན་འབའ་ཞིག་ལ་བསམ་དགོས་པ་ལས། ཆོལ་ཁ་དང་། ཆོས་བརྒྱུད། ལུང་ཚན་གྱི་ཕྱོགས་འཐེན་སོགས་ཀྱིས་མཚོན། ཚོགས་སྡེ་དང་སྒེར་སོགས་གཞན་གྱི་ཆབ་སྲིད་ཀྱི་ལག་ཆ་ལྟ་བུ་གཏན་ནས་བྱེད་མི་ཆོག དེའི་ཕྱིར་ད་ནས་བཟུང་མང་མོས་འདེམས་ཐོན་བྱུང་བའི་དགེ་ལུགས་སྤྱི་འཐུས་སུ་ཡིན་ཡང་། དགེ་ལུགས་སྤྱི་འཐུས་སུ་འདེམས་ཐོན་བྱུང་རྗེས་ཐོག་མར་སྐྱབས་རྗེ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། སྐྱབས་རྗེ་ཤར་བྱང་གི་ཆོས་རྗེ་རྣམ་གཉིས་སོ་སོར་མཇལ་ཁ་ཞུས་ཏེ། ད་ནས་བཟུང་རང་ཉིད་ཀྱིས་དགེ་ལུགས་སྤྱི་འཐུས་ཀྱི་ལས་འགན་ཁག་མིང་དོན་མཚུངས་པའི་རང་ཚུགས་བརྟན་པོ་བཟུང་ནས། ཆོས་ལུགས་དང༌། ཆོས་བརྒྱུད་ཀུན་ལ་འདྲ་མཉམ་གུས་བཀུར་གྱིས། ༧གོང་ས་ཆེན་པོ་མཆོག་གི་བཀའ་དགོངས་ཁག་དང་འགལ་མེད་བསྒྲུབ་རྒྱུར་འབད་བརྩོན་ལྷོད་མེད་ཞུ་རྒྱུ་ལས། ཆོལ་ཁ་དང་། ཆོས་བརྒྱུད། ལུང་ཚན་ཕྱོགས་འཐེན་སོགས་ཀྱིས་མཚོན། ཚོགས་སྒེར་སོགས་གཞན་སུ་ཞིག་གི་ཆབ་སྲིད་ཀྱི་ལག་ཆ་ལྟ་བུར་གཏན་ནས་མི་འགྱུར་བའི་ཁས་ལེན་སྙན་གསོལ་ཞུ་དགོས་ཤིང་། དེ་ནས་བཟུང་དགེ་ལུགས་སྤྱི་འཐུས་ལས་ཐོག་གི་དུས་ཡུན་རིང་ལ་སྐྱབས་རྗེ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང༌། ཆོས་རྗེ་རྣམ་གཉིས་སོ་སོའི་སར་ཡང་ཡང་མཇལ་བཅར་གྱིས། དགེ་ལུགས་སྤྱི་འཐུས་ཀྱི་ལས་འགན་ཇི་སྒྲུབ་སྐོར་སྙན་གསོལ་དང་འབྲེལ། བླང་དོར་ལམ་སྟོན་བཀའ་སློབ་ཡང་ཡང་ངེས་པར་ཞུ་དགོས། ཅེས་བཀོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༩/༡༤

Leave a Reply

3 thoughts on “དགེ་ལུཊ་པའི་དགོན་སྡེ་ཁག་ནང་འོས་བསྡུའི་དྲིལ་བསྒྲཊ་རིཊ་གནང་མི་ཆོག་པ་བཟོས།

  1. དགའ་ལྡན་ཁྲི་རིན་པོ་ཆེ་གཙོས་དགེ་ལུགས་དབུ་བཞུགས་ལྷན་རྒྱས་ལ་ལག་ཉིས་ཐལ་མ་སྦྱར་ནས་ཐུགས་རྗེ་ཆེ་ཞུ།

  2. ཧ་ཅང་ཡག་པོ་བྱུང་འདུག དགའ་ལྡན་ཁྲི་བ་གཙོས་དགེ་ལུགས་དགོན་སྡེ་ཁག་གི་དབུ་བཞུགས་ལྷན་རྒྱས་ལ་ཐུགས་རྗེ་ཆེ་ཞུ་བ་དང་ཆབ་ཅིག ཆོས་ལུགས་ཁག་གཞན་ཚང་མས་དེ་འདྲ་གནང་ཐུབ་ན་ཅི་མ་རུང་སྙམ་པ་འདུག