འོས་བསྡུའི་ཟུག་གཟེར།

སྒང་པ་དགེ་ལེགས།

རང་རེ་བཙན་བྱོལ་བའི་སྤྱི་ཚོགས་འདི་མི་གྲངས་ཀྱི་ཆ་ནས་སྤྱི་ཚོགས་ཆུང་ཆུང་གི་གྲལ་དུ་གཏོགས་པ་བདེན་མོད།འོན་ཀྱང་སྒུལ་ཤུགས་ཀྱི་ཆ་ནས་སྤྱི་ཚོགས་ཆེན་པོ་ཞིག་གི་སྟོབས་ཤུགས་ལ་འགྲན་ནུས་པ་ནི་སྟོབས་ཆེན་རྒྱལ་ཁབ་ཁག་གིས་སྔ་ཕྱི་བར་གསུམ་དུ་བོད་དོན་ཐད་རྣམ་འགྱུར་འཛིན་སྟངས་དང་། རྒྱ་ནག་གིས་ནམ་ཡང་མིག་ནང་གི་གྲ་མ་དང་ལྷམ་ནང་གི་ཚེར་མར་འཛིན་པ་འདི་དག་གིས་གསལ་སྟོན་བྱས་ཡོད། དེ་ནི་འུ་ཅག་ལ་མཚོན་ན་བཟང་ཕྱོགས་ཀྱི་གྲུབ་འབྲས་སྟེ་སྤོབས་པ་བྱེད་འོས་པའི་གནས་ཚུལ་ཞིག་རེད།  འོན་ཀྱང་ད་དུང་ལྡོག་ཕྱོགས་ཀྱི་སྒུལ་ཤུགས་ཆེན་པོ་ཞིག་ཡོད་པ་འདི་ནམ་ཡང་བརྗེད་མི་རུང་སྟེ།འདི་ནི་འུ་ཅག་གིས་ལོ་མང་རིང་སྙིང་དུ་བརྣག་པའི་འདུན་པ་ཤུལ་མེད་དུ་འཇོམས་པའི་སྟོབས་ཤུགས་ཉག་ཅིག་དེ་རེད། དེ་གང་རེད་ཟེར་ན་ཆིལ་སྒྲིལ་གྱི་སྲོག་ལ་རྒོལ་བའི་ཆོལ་ཁའི་འཐེན་འཁྱེར་དེ་རེད།

ཉེ་བའི་ལོ་འགའི་རིང་ལ་བཙན་བྱོལ་བའི་སྤྱི་ཚོགས་ཁྲོད་དུ་ཆོལ་གཙོ་རིང་ལུགས་པ་ཇེ་མང་དུ་འགྱུར་བཞིན་ཡོད་ཅིང་།དེའི་འབྱུང་ཁུངས་ཞིབ་པར་བརྩད་ན་དུས་རབས་གོང་མའི་ལོ་རབས་དྲུག་ཅུ་དང་བདུན་ཅུའི་ནང་གི་ཆབ་སྲིད་ཀྱི་འགུལ་སྐྱོད་འགའ་ཞིག་ལ་ཐུག་འདུག་པའང་ཤེས་ཐུབ།དེ་ནི་ཆབ་སྲིད་ཀྱི་གོ་སྐབས་ལ་མིག་ཧུ་རེར་སྒུག་ནས་འདུག་མཁན་ཚོའི་ལམ་ཁ་ཆེས་ལེགས་ཤོས་སུ་གྱུར་ཡོད་པ་སྟེ།ད་ལྟའི་གནས་སྟངས་འདི་ཆེས་ཚོར་བ་རྣོ་བའི་གནད་དོན་ཞིག་ཏུ་བསྒྱུར་ཐུབ་པའང་ཁོ་ཅག་གིས་གོ་སྐབས་དམ་འཛིན་བྱས་པའི་གྲུབ་འབྲས་ཉག་ཅིག་རེད།གྲུབ་འབྲས་དེ་བཙན་བྱོལ་བའི་སྤྱི་ཚོགས་ཁྲོད་འགོས་སླ་ཞིང་འཕེལ་ཚད་མྱུར་བའི་ཏོག་དབྱིབས་ནད་དུག་ལྟར་རྒྱ་ཁྱབ་དུ་གྱུར་ཅིང་།༧གོང་ས་མཆོག་གིས་སྐུ་དབང་ཡོངས་རྫོགས་མི་དམངས་ལ་གནང་སྟེ་ཆ་ཚང་བའི་མང་གཙོའི་སྤྱི་ཚོགས་སུ་བཙན་ཐབས་ཀྱི་བསྒྱུར་བ་ནས་བཟུང་འགོས་ནད་འདིའི་ཟུག་གཟེར་ཇེ་ཆེར་གྱུར།ལྷག་པར་དུ་སྲིད་སྐྱོང་གི་འོས་བསྡུ་སྐབས་སུ་ནད་ཡམས་འདི་བོད་ཀྱི་སྤྱི་ཚོགས་གར་ཡོད་ཀྱི་གྲུ་ཟུར་ཡོད་ཚད་ལ་ཁྱབ་སྟེ་གཞོལ་འདོད་ནའང་གཞོལ་ས་མི་རྙེད་པའི་ཚད་དུ་འགྱུར་འགྲོ།

མི་འགྱང་བར་སྲིད་སྐྱོང་གི་འོས་བསྡུ་བྱེད་རྒྱུ་ཡིན་པ་བཞིན་ད་ལྟ་ནས་སྤྱི་ཚོགས་འདིར་ཟུག་གཟེར་ལང་མགོ་ཚུགས་ཟིན་ཞིང་།སྲིད་སྐྱོང་གི་འོས་བསྡུས་ཆོལ་ཁ་ཕན་ཚུན་འཁྲུག་པར་བྱེད་ཅིང་།སྤྱི་འཐུས་ཀྱི་འོས་བསྡུས་ཆོལ་ཁ་ནང་ཁུལ་དང་ཆོས་བརྒྱུད་ནང་ཁུལ་འཁྲུག་པར་བྱེད།མང་གཙོའི་མཚོན་རྟགས་ཆེས་ཆེ་བར་གྲགས་པའི་འོས་བསྡུ་ལ་བརྟེན་ནས་འཁྲུག་འཛིང་ཆེན་པོ་འདི་འདྲ་འབྱུང་གིན་འདུག་པ་ནི་མང་གཙོའི་ལམ་ལུགས་ཀྱི་ཞན་ཆའམ་མ་འདང་བའི་ཆ་ཡིན་མིན་བཤད་དཀའ་ནའང་།ངེས་པར་དུ་སྤྱི་ཚོགས་འདིའི་བློ་དཀྱེལ་གྱིས་མ་ཆུན་པ་རེད་ཅེས་བཤད་ཐུབ་པ་ཞིག་རེད།ང་ཚོའི་མང་གཙོ་ནི་གཞན་དང་མི་འདྲ་བར་ཐོག་ནས་མར་གནང་བ་མ་གཏོགས་འོག་ནས་ཡར་བརྩད་པ་ཞིག་མིན།ཞེས་ང་ཚོས་ངོམ་སོ་བྱེད་བཞིན་ཡོད་མོད། ཐོད་བརྒལ་གྱི་བརྒྱུད་རིམ་འདིས་ང་ཚོ་ད་དུང་ནར་སོན་བཅུག་མེད་པ་ནི་སུས་ཀྱང་བཤད་མེད་ལ་ཤེས་ཀྱིའང་མེད་པ་འདྲ། ང་ཚོ་ནི་བཙོ་སྦྱང་གི་ཁྲོད་ནས་མང་གཙོའི་གོ་རྟོགས་སད་ཅིང་དེའི་ཁེ་དབང་དང་འགན་ཁུར་ལ་ངེས་ཤེས་ཐོབ་པ་ཞིག་མ་རེད། ང་ཚོའི་གོ་རྟོགས་ཁྲོད་ཐོབ་ཐང་ཟེར་བ་ཞིག་ལས་འགན་འཁུར་ཟེར་བ་ཞིག་མེད།བརྒྱ་ལ་ཡོད་པའི་དབང་དུ་བཏང་ནའང་དེ་ནི་བཤད་མཁན་གྱིས་བཤད་རྒྱུ་ཙམ་ལས་ཉན་མཁན་གྱིས་སྒྲུབ་རྒྱུ་ཞིག་ཡིན་པའི་འདུ་ཤེས་ཤིག་མེད། དེ་མེད་པའི་དབང་གིས་ཐོབ་ཐང་དང་འགན་འཁུར་གཉིས་ཀྱིས་གྲུབ་པའི་ཡང་དག་པའི་མང་གཙོའི་ལམ་ལུགས་འདིའི་དྲང་ཚུགས་ཤོར་ཏེ། རང་ཆས་སུ་ཡོད་པའི་ལམ་ལུགས་ཀྱི་ནུས་ཤུགས་ཡོངས་སུ་ཉམས་པ་ཙམ་དུ་མ་ཟད་ལྡོག་ཕྱོགས་ཀྱི་ནུས་པ་འདོན་བཞིན་ཡོད་དེ།འདིས་ཆིག་སྒྲིལ་གྱི་ནུས་པ་རྩ་གཏོར་དུ་གཏོང་བཞིན་ཡོད།

ད་འོ་ན་ཁ་ཚ་དགོས་གཏུག་གི་གནས་སྟངས་འདི་ལ་འགྱུར་ལྡོག་ཅིག་གཏོང་བའི་ཐབས་ལམ་ཡོད་དམ་ཞེ་ན་ལོས་ཡོད་དེ།དེ་ནི་སྤྱི་བའི་གྱོང་གུད་དེ་སྒེར་གྱི་གྱོང་གུད་ཡིན་པ་ངོ་འཕྲོད་དུ་འཇུག་རྒྱུ་དང་།ཆེས་སྤྱིར་བཏང་གི་མང་གཙོའི་ཉམས་ལེན་རྣམས་མྱོང་ཐོག་ཏུ་ལེན་ཐབས་ལ་གོ་བསྐོན་བློ་འགུག་བྱེད་རྒྱུ་དང་།མི་སྒེར་རེ་རེས་རང་ཉིད་ལ་དག་ཐེར་བྱས་ཏེ་ཆོལ་ནད་ཀྱིས་མ་གོས་པར་བྱེད་རྒྱུ་ནི་ཉེན་ཁ་ལས་གཡོལ་བའི་ཐབས་ལམ་གཅིག་པུ་དེ་ཡིན་མོད།ད་ལྟའི་སྤྱི་ཚོགས་འདིའི་འུར་ཞོག་གི་ཁ་ཕྱོགས་ལ་བལྟས་ན་འདི་ནི་མིག་མ་བཙུམ་པའི་རྨི་ལམ་ཞིག་མ་ཡིན་པའི་ངེས་པའང་མི་འདུག་པས།ད་ནི་མིག་བཙུམ།ཐལ་མོ་སྦྱར།གསོལ་བ་བཏབས།སྨོན་ལམ་བརྒྱབ་སྟེ་རེ་ལྟོས་ཀྱིས་སྒུག་རྒྱུ་ལས་གཞན་མི་འདུག་གོ།།

མཆན། གོང་གསལ་བསམ་ཚུལ་རྩོམ་ཡིག་དེ་ནི་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་བ་ལངས་ཕྱོགས་ཡིན་པས་མ་ཁྱབ།

བསྐྱར་བཅོས།: ༢༠༢༠/༠༩/༡༥

Leave a Reply

One thought on “འོས་བསྡུའི་ཟུག་གཟེར།

  1. གངས་ཅན་བོད་པ།

    ངོ་མ་གནས་ལུགས་དང་རྒྱུ་མཚན་འདུག འོན་ཀྱང་བསམ་ཤེས་ཅན་དང་ཅུང་སློབ་སྦྱོང་ཡོད་མཁན་ཞིག་ཡིན་ན་ཐབས་ཤེས་རྙེད་སླ་ལ་རྙེད་པའི་གོ་སྐབས་ཀྱང་འཚོལ་ངེས་ཡིན། འོན་ཀྱང་དུས་རྒྱུན་གནམ་གྱི་རྒྱ་ཁྱོན་དེ་དུང་ཆུའི་ཞབས་ནས་མཐོང་ཐུབ་པའི་གནམ་དེ་ཙམ་ལས་མེད་པར་འདོད་མཁན་ཏེ་རང་རློམ་ཅན་དང་སློབ་སྦྱོང་ཟེར་བའི་མིང་ཙམ་ཡང་གོ་མ་མྱོང་མཁན་གྱི་ལྐུགས་པ་ཨུ་ཚུགས་ཅན་དེ་དག་གིས་དུས་རྒྱུན་ཀི་ཀི་བསྭོ་བསྭོ་ཟེར་བའི་ཀླེན་རྟགས་དེ་གནམ་ཐང་ཡན་ཆད་ནས་རྒྱབ་ཡོང་དུས་བཙན་བྱོལ་བོད་མི་སྤར་མོ་གང་བོ་ཕར་ཞོག་ཐ་ན་འཛམ་གླིང་ཧྲིལ་བོ་ཧང་སང་ཧོན་འཐོར་དུ་མི་འཇུག་པའི་ངེས་པ་མེད་པས་འདིས་རིགས་ཀྱིས་རང་ཉིད་ལ་བརྟག་དཔྱད་བྱེད་པའི་བློ་གྲོས་དང་རྣམ་དཔྱོད་མེད་ལ་ལྐོག་གཡོ་ཅན་རེ་ཟུང་གི་ལག་ཆ་ཁོ་ན་བྱས་འདུག་རྒྱུ་ཉག་ཅིག་ལས་མེད་པ་གསལ་བོ་རེད།