རྒྱ་གར་གྱི་བློན་ཆེན་ཟུར་པ་ཞིག་སྐུ་གྲོངས་བར་ཐུགས་གསོ་ཞུས།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་ནས་རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་དང་བོད་དོན་རྒྱབ་སྐྱོར་བ་སློབ་དཔོན་ར་གྷུ་ཝན་ཤི་པརཱ་སདྷ་སིངྒ་མཆོག་སྐུ་གྲོངས་བར་ཁོང་གི་ནང་མི་འབྲེལ་ཡོད་ཚང་མར་ཐུགས་གསོ་ཞུས་འདུགཁ་སང་ཕྱི་ཚེས་ ༡༤ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས། ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དབུ་འཁྲིད་སློབ་དཔོན་ར་གྷུ་ཝན་ཤི་པརཱ་སདྷ་སིངྒ་ (Dr. Raghuvansh Prasad Singh)མཆོག་སྐུ་གྲོངས་པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། དམ་པ་ཁོང་གི་ནང་མི་བུ་ཕྲུག་ཡོངས་ཀྱི་མཚན་ཐོག་ལ་ཐུགས་ཕམ་ཆེན་པོ་བྱུང་བའི་ཐུགས་གསོའི་གསུང་འཕྲིན་ཞིག་གནང་འདུག

གསུང་འཕྲིན་ནང་། རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དབུ་འཁྲིད་རྒན་གྲས་སློབ་དཔོན་ར་གྷུ་ཝན་ཤི་པརཱ་སདྷ་སིངྒ་མཆོག་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོས་པར་ང་ཚོ་ཤིན་ཏུ་ནས་བློ་ཕམ་ཆེན་པོ་བྱུང་། སྐུ་ཞབས་ཁོང་ནི་སྲིད་དོན་གྱི་ལྟ་གྲུབ་ཡོད་མཁན་སྙན་གྲགས་ཅན་ཞིག་དང་། གུས་བཀུར་ཆེན་པོ་ཞུ་སའི་རྒྱ་གར་གྱི་ཆབ་སྲིད་པ་རྒན་གྲས་ཤིག་ཡིན།ཞེས་གསུངས་འདུག

གསུང་འཕྲིན་ནང་མུ་མཐུད་སྐུ་ཞབས་རམ་མ་ནོ་ཧར་ལོ་ཧིཡ་(Shri. Dr. Ram Manohar Lohia) མཆོག་དང་། སྐུ་ཞབས་ཇཱཡཱ་པྲ་ཀཱཤ་ ན་ར་ཡན་ (Shri.Jai Prakash Narayan) མཆོག་རྣམ་གཉིས་ཀྱི་དགོངས་པ་ལྟར། དམ་པ་ཁོང་གིས་བོད་ཀྱི་འཐབ་རྩོད་ཐོག་རྒྱབ་སྐྱོར་གནང་འགོ་བཙུགས་ཏེ། དུས་ནས་དུས་སུ་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀའི་ནང་བོད་ཀྱི་གནད་དོན་གླེང་སློང་གནང་བ་སོགས་ང་ཚོའི་འཐབ་རྩོད་ཐོག་རྒྱུན་དུ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་ཞུ་མཁན་ཞིག་ཡིན། ཞེས་གསུངས་འདུག

ཡང་དམ་པ་ཁོང་ནི་བོད་དོན་རྒྱབ་སྐྱོར་བ་གཙོ་གྲས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཁོང་དང་མཇལ་འཕྲད་ཀྱིས་བོད་དོན་ཐོག་བཀའ་བསྡུར་སོགས་གནང་ཡོད་པའི་སྐོར་ལ་ཚོགས་གཙོ་མཆོག་གིས། དེ་སྔོན་རྒྱ་གར་གནས་མཆོག་རྡོ་རྗེ་གདན་དུ་བོད་དོན་རྒྱབ་སྐྱོར་བའི་ལྷན་ཚོགས་འཚོགས་སྐབས་དམ་པ་དེ་ཉིད་སྐུ་མགྲོན་གཙོ་བོར་ཕེབས་ཡོད། དེ་བཞིན་ཁོང་ནི་རྒྱ་གར་གྱི་ཆབ་སྲིད་པ་དང་ཤེས་ལྡན་མི་སྣའི་ཁོངས་ནས་བོད་དོན་དང་འབྲེལ་བའི་ལས་འགུལ་མང་པོའི་ནང་ཐུགས་སྣང་ཆེན་པོས་མཉམ་ཞུགས་གནང་མཁན་གྲས་ཤིག་ཡིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ལ་དམ་པ་དེ་ཉིད་མཇལ་འཕྲད་དང་བོད་ཀྱི་གནད་དོན་ཐོག་བཀའ་བསྡུར་གནང་རྒྱུའི་གོ་སྐབས་ལན་མང་བྱུང་ཡོད། ཅེས་གསུངས་འདུག

མཇུག་ཏུ་སྐུ་ཞབས་ཁོང་སྐུ་གཤེགས་པ་དེས་རྒྱ་གར་རྒྱལ་ཁབ་དང་། ཁོང་གི་ནང་མི། དེ་བཞིན་ང་ཚོ་བོད་མི་རྣམས་ལ་གྱོང་གུད་ཆེན་པོ་བྱུང་ཡོད། ངས་སླར་ཡང་ཁྱེད་ནང་མི་ལྷན་རྒྱས་ལ་ཐུགས་གསོ་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

སློབ་དཔོན་ར་གྷུ་ཝན་ཤི་པརཱ་སདྷ་སིངྒ་མཆོག་ནི་ཕྱི་ལོ་ ༡༩༤༦ ལོར་རྒྱ་གར་བྷེ་ཧར་མངའ་སྡེའི་ནང་འཁྲུངས་ཤིང་། ད་ལོ་དགུང་གྲངས་ ༧༤ ཡིན་པ་དང་། དམ་པ་ཁོང་ནི་རྒྱ་གར་ནང་མཚན་སྙན་ཆེ་བའི་སྲིད་དོན་པ་ཞིག་དང་། ཨང་རྩིས་རིག་པའི་སློབ་དཔོན་དང་རྒྱ་གར་གྲོང་གསེབ་ཞིང་ལས་འདེབས་འཛུགས་ཀྱི་ས་གཤིས་ཆེད་མཁས་པ་ཞིག་ཀྱང་ཡིན་འདུག ཁོང་ནི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་དང་དབུས་གཞུང་གི་གྲོང་གསེབ་ཡར་རྒྱས་བློན་ཆེན་སོགས་ཀྱི་ལས་འཁུར་ཞུས་མྱོང་ཡོད་པ་དང་། ཕྱི་ཟླ་ ༩ ་ཚེས་ ༡༣ ཉིན་རྒྱ་གར་རྒྱལ་ས་ལྡི་ལིའི་རྒྱལ་ཡོངས་ཚན་རིག་སྨན་ཁང་དུ་ཏོག་ནད་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་ཡོད་འདུག

གསར་འགོད་པ་སངས་རྒྱས་དཀོན་མཆོག་གིས་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་བ་ལས་བླངས།

བསྐྱར་བཅོས།: ༢༠༢༠/༠༩/༡༥

Leave a Reply