རྒྱ་ནག་ནང་གི་ཨ་རིའི་གཞུང་ཚབ་ཆེན་མོས་རྩ་དགོངས་ཞུ་རྒྱུ་ཡིན་འདུག

ཨ་རྒྱ་གཉིས་ཀྱི་འབྲེལ་བ་ཧ་ཅང་རྙོག་ཟིང་ཅན་དུ་གྱུར་བའི་སྐབས་འདིར་རྒྱ་ནག་ནང་གི་ཨ་རིའི་གཞུང་ཚབ་ཆེན་མོ་སྐུ་ཞབས་ཊེ་རི་བྷ་རན་སི་ཊ་ཌི་ལགས་ཀྱིས་འདི་ལོའི་ཕྱི་ཟླ་ ༡༠ པ་ནས་གཞུང་ཚབ་ཀྱི་ལས་མཚམས་འཇོག་རྒྱུ་ཡིན་འདུགཁ་སང་ཕྱི་ཚེས་ ༡༤ ཉིན་རྒྱལ་སྤྱིའི་གསར་ཁང་རོའུ་ཊར་སོགས་ཀྱི་གནས་ཚུལ་ལྟར་ན། རྒྱ་ནག་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོ་སྐུ་ཞབས་ཊེ་རི་བྷ་རན་སི་ཊ་ཌི་ (Terry Branstad) ལགས་ཀྱིས་སྲིད་འཛིན་ཊོམ་ཕུ་མཆོག་གི་འོས་བསྡུའི་ཁྱབ་བསྒྲགས་ལས་དོན་བྱ་ཆེད་དགོངས་ཞུ་བྱ་རྒྱུ་ཡིན་འདུག་ལ། རྒྱ་ནག་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་གི་དྲ་བའི་སྟེང་། གཞུང་ཚབ་ཆེན་མོ་སྐུ་ཞབས་ཊེ་རི་བྷ་རན་སི་ཊ་ཌི་ (Terry Branstad) ལགས་ཀྱིས། འདི་ལོའི་ཕྱི་ཟླ་ ༡༠ ནང་རྩ་དགོངས་ཞུས་ཏེ་པེ་ཅིན་ནས་ཐོན་གྱི་ཡོད་པ་དང་། ཐག་གཅོད་དེ་ནི་བདུན་ཕྲག་སྔོན་མའི་ནང་སྲིད་འཛིན་ཊོམ་ཕུ་མཆོག་དང་ཁ་པར་བརྒྱུད་གཏན་འཁེལ་བྱུང་ཡོད་པ་བཀོད་འདུག་ལ། རོའུ་ཊར་གསར་ཁང་ལ་རྒྱུས་ཡོད་ཅིག་གིས་འགྲེལ་བརྗོད་བྱས་པ་ལྟར་ན། ཁོང་གིས་གཞུང་ཚབ་ཆེན་མོའི་ལས་གནས་ནས་དགོངས་པ་ཞུས་ཏེ། སྲིད་འཛིན་ཊོམ་ཕུ་མཆོག་ལ་བསྐྱར་དུ་ཨ་རིའི་སྲིད་འཛིན་གྱི་རྒྱལ་ཁ་འཐོབ་པར་འོས་བསྡུའི་ཁྱབ་བསྒྲགས་ལ་རོགས་རམ་གནང་འཆར་ཡོད་སྐོར་བཀོད་འདུག

དེ་བཞིན་ཨ་རིའི་གཞུང་ཚབ་ཆེན་མོ་ཊེ་རི་བྷ་རན་སི་ཊ་ཌི་ལགས་ཀྱིས།  ཨ་རིའི་སྲིད་འཛིན་དང་ཨ་རིའི་མི་མང་གི་ངོ་ཚབ་བྱས་ཏེ་ལས་དོན་བསྒྲུབས་ཐུབ་པ་བྱུང་བ་ནི་རང་ཉིད་ཀྱི་གཟི་བརྗིད་ཅིག་ཡིན་པ་དང་། འདས་པའི་ལོ་འགའི་རིང་ཨ་རྒྱ་གཉིས་ཀྱི་འབྲེལ་བ་དོ་མཉམ་ཡོང་བ་དང་། ཕྱོགས་གཉིས་སུ་བཟང་ཕྱོགས་ཀྱི་འགྱུར་བ་ཐེབས་ཐུབ་པ་ཞིག་བྱུང་ཡོད་སྐོར་དང་། ལོ་ངོ་དེ་དག་གི་རིང་རྒྱ་ནག་གི་ཞིང་ཆེན་དང་ལྗོངས་ ༢༦ ནང་སྐོར་བསྐྱོད་དུ་ཕྱིན་ཡོད་ནའང་། ཏོག་དབྱིབས་ནད་ཡམས་ཀྱིས་འགོག་རྐྱེན་བྱས་པ་མ་གཏོགས་ཞིང་ལྗོངས་ཡོངས་སུ་སྐོར་བསྐྱོད་དུ་ཕྱིན་ཡོད་ངེས་ཡིན་སྐོར་བརྗོད་འདུག

སྐུ་ཞབས་ཊེ་རི་བྷ་རན་སི་ཊ་ཌི་ (Terry Branstad) ལགས་པེ་ཅིན་དུ་ཨ་རིའི་གཞུང་ཚབ་ཆེན་མོ་ལོ་ངོ་གསུམ་དང་ཟླ་གསུམ་ཙམ་གནང་རིང་། འདས་ལོའི་ཕྱི་ཟླ་ ༥ ནང་བོད་ཀྱི་མཚོ་སྔོན་དང་རྒྱལ་ས་ལྷ་ས་སོགས་སུ་ཉིན་ ༧ རིང་གཞུང་འབྲེལ་གཟིགས་སྐོར་གནང་ཡོད་པ་དང་། གཟིགས་སྐོར་སྐབས་མཚོ་སྔོན་དང་བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་ཚོར་ཐུག་འཕྲད་དང་། ཆོས་དང་རིག་གཞུང་གི་ལྟེ་གནས་དང་སློབ་གྲྭ་ཁག་ཅིག་ལ་གཟིགས་སྐོར་གནང་ཡོད་པ་དང་། གཟིགས་སྐོར་གྲུབ་རྗེས་ཁོང་གིས་གཞུང་འབྲེལ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རྒྱ་ནག་གཞུང་ངོས་ནས་སྔོན་འགྲོའི་ཆ་རྐྱེན་མེད་པའི་ཐོག་ནས་ཏཱ་ལའི་བླ་མའམ་ཁོང་གི་སྐུ་ཚབ་ལྷན་དུ་དངོས་འབྲེལ་གྱི་གྲོས་མོལ་བརྒྱུད་དཀའ་རྙོག་སེལ་ཐབས་བྱེད་དགོས་པའི་སྐུལ་མ་བཏང་ཡོད། ཅེས་དང་། རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་འདུ་འཛོམས་རང་དབང་དང་ཆོས་ལུགས་ཉམས་ལེན་ལ་ཐེ་བྱུས་བྱེད་བཞིན་པར་བློ་འཚབ་ཆེན་པོ་ཡོད་པ་བརྗོད་ཡོད། ཅེས་སོགས་གསུངས་ཡོད་པ་རེད། དེ་བཞིན་འདས་ལོའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་བསྟུན།  ཁོང་གིས་གཞུང་ཚབ་ཁང་གི་གཞུང་འབྲེལ་དྲ་རྒྱ་བརྒྱུད་བོད་ཡིག་གཙོའི་སྐད་ཡིག་བཞིའི་ཐོག་རྒྱ་ནག་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་ཁག་གི་ཆོས་དད་རང་མོས་དམ་དྲག་དང་། ཁོ་ཚོར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སོགས་སྤྲོད་ཀྱི་མེད་པའི་བསྒྲགས་གཏམ་ཞིག་ཀྱང་སྤེལ་ཡོད་པ་རེད།ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་སྲིད་འཛིན་ཊོམ་ཕུ་མཆོག་སྒེར་གྱི་ཊུའུ་ཝེ་ཊར་སྤྱི་ཚོགས་དྲ་ལམ་དུ། གཞུང་ཚབ་ཆེན་མོ་སྐུ་ཞབས་ཊེ་རི་བྷ་རན་སི་ཊ་ཌི་ལགས་ཕྱིར་རང་ཡུལ་དུ་ལོག་སྲིད་པ་བཀོད་དེ་གཞུང་ཚབ་ཆེན་མོས་དགོངས་ཞུ་བྱེད་ཀྱི་ཡོད་པ་གཏན་འཁེལ་བྱས་ཡོད་ནའང་། ད་ལྟ་ཨ་རྒྱ་གཉིས་ཀྱི་བར་ཚོང་དམག་དང་ནད་ཡམས། ཧོང་ཀོང་གི་བདེ་འཇགས་ཁྲིམས་དང་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་རྩོད་རྙོག་སོགས་ཀྱི་རྐྱེན་གྱིས་ཕྱོགས་གཉིས་བར་གདོང་ཐུག་ཆེན་པོ་འབྱུང་བཞིན་པའི་སྐབས་སུ། ཕོ་བྲང་དཀར་པོས་པེ་ཅིན་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོ་གཞན་ཞིག་གཏན་འཁེལ་བྱུང་མེད་པ་རེད།

ཨ་རིའི་གཞུང་ཚབ་ཆེན་མོའི་དགོངས་ཞུ་བྱ་རྒྱུ་ཡིན་པའི་ཐད་རྒྱལ་སྲིད་དྲུང་ཆེ་མེག་ཕོམ་པེ་ (Mike Pompeo) མཆོག་གིས།  གཞུང་ཚབ་ཆེན་མོ་སྐུ་ཞབས་ཊེ་རི་བྷ་རན་སི་ཊ་ཌི་ (Terry Branstad) ལགས་ཀྱིས་ལོ་ངོ་གསུམ་ལྷག་རིང་རྒྱ་ནག་ནང་ཨ་རིའི་གཞུང་ཚབ་ཆེན་མོའི་ལས་དོན་བསྒྲུབས་ཏེ་ཨ་རིའི་མི་མང་ལ་ཞབས་ཞུ་ཞུས་པར་ཐུགས་རྗེ་ཆེ་ཞུ་འདོད་བྱུང་བ་དང་། ཁོང་གིས་ཨ་རྒྱ་གཉིས་ཀྱི་འབྲེལ་བ་དོ་མཉམ་ཡོང་ཐབས་སུ་ནུས་ཤུགས་བཏོན་ཡོད་པ་མ་ཟད། ཁོང་གི་ལས་དོན་གྱིས་ཨེ་ཤ་ཡའི་རྒྱ་མཚོའི་ནང་ཨ་རིའི་ཕྱི་དོན་སྲིད་བྱུས་ལ་བཟང་ཕྱོགས་ཀྱི་ནུས་པ་ཐེབས་ངེས་ཡིན་སྐོར་བཀོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༩/༡༥

Leave a Reply